>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

སིནྡྷུ་ར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:04:43 ཀློག་གྲངས། 30

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སིནྡྷུ་ར་ཡིས་རྩ་ཚད་དོན་རྨ་གསོ།། རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན།། ཞེས་པ། སིནྡྷུ་ར་ཞེས་པ་བོད་སྐད་དུ། རྒྱ་མཚོའི་དྲེག་པ་དང་། ར་ཆགས་པ་དང་། ཁྲག་ལའང་འཇུག་སྐད་དོད་ཕལ་ཆེར་དང་། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ་སོགས་སུ་ལི་ཁྲི་དང་སྐད་དོད་གཅིག་པར་མཛད་ཀྱང་། སྒྲ་གཅིག་དོན་མང་དུ་ངོ་བོ་སོ་སོར་གསུངས་པ་བཞིན་ཐ་དད་དོ།། དོན་ལ་ཆུའི་དྲེག་པ་ཡིན། རྒྱ་བལ་སོགས་ནས་རྒྱ་མཚོའི་འགྲམ་དུ་ཆགས་པ་དང་། ཙ་རི་གཡུ་མཆོའི་ཕོ་བྲང་སྐྱོག་མོ་སོགས་ནས་འབྱུང་། གནས་བཟང་སོགས་ཀྱི་བྲག་ཕུག་རླན་དང་མ་བྲལ་བའི་འགྲམ་དུ་ཁྲག་ཆགས་པ་ལྟ་བུ། རོ་མངར་ལ་སོ་ཐམ་ཐམ་འབྱར་བ་ཡོད་པ་སོགས་བཟང་། གང་ཞེ་ན། གསང་སྔགས་འགའ་ཞིག་ཏུ།རྡོ་རྗེ་རྣལ་འབྱོར་མའི་ཟླ་མཚན་ཡིན་པར་བཤད་པས་གནས་བཟང་ནས་ལེན་པ་བཟང་མ་གཏོགས་གཞན་ཀོ་མོ་དང་ཆུ་ཚན་སོགས་ལ་ཆགས་པའི་ཀོ་བཙག་དམར་སེར་དང་ཁྱད་མེད། ཆུ་ལས་བྱུང་ཕྱིར་མེས་ཚིག་རྨ་ལ་གཉེན་པོར་གྱུར་པ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སིནྡྷུ་ར་ནི། གནས་བཟང་པོའི་མཚོ་འགྲམ་དང་བྲག་ཁུང་འགའ་ཞིག་ནས་འབྱུང་ཞིང་ཁ་དོག་ལི་ཁྲི་འདྲ་བ་ལ་ཅུང་ཟད་སྨུག་པ་སྟེ། དེས་དོན་རྨ་གསོ་ལ་རྣག་ཁྲག་སྐེམ་ཞིང་མེས་ཚིག་པའི་རྨ་ལ་ཕན།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། སིནྡྷུ་ར་དམར་པོ་མཆོག སེར་པོ་དམན་པ།
     མཛེས་མཚར་མིག་རྒྱན་ལས། སིནྡྷུ་ར་ནི། བོད་སྐད་དུ་རྒྱ་མཚོའི་དྲེག་པ་དང་ཡང་ར་ཆགས་པ། བཙུན་མོའི་མཆིལ་མ་ཟེར། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ་སོགས་སུ་ལི་ཁྲི་དང་སྐད་དོད་གཅིག་པར་མཛད་ཀྱང་སྒྲ་གཅིག་དོན་མང་པོར་ངོ་བོ་སོ་སོར་གསུངས་པ་བཞིན་ཐ་དད། དངོས་སྔགས་ཀྱི་སྐབས་སུ་བྱུང་བ་ཡིན་ཅིང་དེའི་ཚབ་རུང་བར། ཙ་རི་མུ་ལི་ཏིང་སོགས་གནས་བཟང་པོའི་མཚོ་འགྲམ་དང་བྲག་ཁུང་འགའ་ཞིག་ནས་འབྱུང་བ། ཁྲག་ཆགས་ལྟ་བུ་མདོག་ལི་ཁྲི་འདྲ་ལ་ཅུང་ཟད་སྨུག་པོར་རོ་མངར་བ། དེས་རྩ་ཚད་རྨ་གསོ་རྣག་སྐེམ་མེས་ཚིག་རྨ་ལ་ཕན།

གོང་ངོས། ས་སྨྱག
X