>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

ལི་ཁྲི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:00:23 ཀློག་གྲངས། 46

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལི་ཁྲིས་རུལ་གཅོད་ཤ་ཚད་རྩ་ཚད་སེལ།། ཞེས་པ། སའི་དངས་མ་ཡིན་པར་བཤད་ལ། ལྷ་མོ་བརྟན་མས་བཀྲ་ཤིས་པའི་རྫས་སུ་བཅོམ་ལྡན་འདས་ལ་ཕུལ་བ་ཡིན། རིགས་ནི་རྒྱ་གར་ནག་བལ་བོ་སོགས་ནས་མང་དུ་འབྱུང་ཡང་། ཁ་དོག་ངུར་སྨྲིག་དངས་པ་བཟང་། དམར་ཤས་ཆེ་ལ་ལན་ཚྭ་བྲོ་བ་དང་། ཤིང་ཕྱེ་ཁ་དོག་བསྒྱུར་པ་རྣམས་རྒྱ་ནག་གི་བཟོ་མ་ཞན། བལ་པོས་ཞ་ཉེ་ལས་བཟོས་པར་གྲགས་པ་ཚོན་དུ་བྱུགས་པ། ཡུན་ལོན་ནས་ནག་པོར་འགྲོ་བ་ཡང་ངན། རྒྱ་གར་ནག་བལ་བོ་སོགས་ནས་རང་བྱུང་ཁ་དོག་ཤིན་ཏུ་གསལ་ལ་བྱེ་མ་འདྲེས་པ། སྤྱིན་ཆུས་བསིངས་ལ་བཙགས་པས་དངས་འབབ་ཆེ་བ་བཟང་། བྱེ་མ་ཉུང་བ་བཟང་འབབ་ཆེ་ཆུང་ནི་ཕྱེ་མ་སྐམ་པོར་གྲི་ཁབ་སོགས་ལྕགས་བྱང་མ་སྣུམ་མེད་པ་བཅུག་པས་ལྕགས་ལ་མཐུག་པོར་འགོས་པ་འབབ་རུ་ཆེ། མི་འགོས་བ་བྱེ་མ་ཆེ་བ་ཡིན། ཁར་བྲོ་བ་མེད་པ་བཟང་། བཟོ་མ་དང་རང་བྱུང་བརྟག་པ་ནི། སྤྱིན་ཤས་ཆུང་བ་རེ་བྱས་ནས་ཚོན་དུ་བྱུག་པར། དགོངས་མོ་མུན་རུབ་སྐབས་རྒྱང་མ་ནས་བལྟས་པས་ངམ་ནག་པོར་མཐོང་ན་བཟོ་མ་ཡིན། སྐྱ་བོར་མཐོང་ན་རང་བྱུང་ཡིན།
     གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། ལི་ཁྲི་ནུས་པ་གུར་གུམ་དང་འདྲ། ཁྱད་པར་རཀྟ་གཙང་མ་དེ་རྒྱུ་གཟེར་ཆིག་ཐུབ་ཡིན། ཁོང་དུ་སོང་ན་འཆི་མི་སྲིད་གསུངས། རྒྱུ་གཟེར་བསྲུང་བ་ཡང་ཟབ་གསུངས་སོ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལི་ཁྲི་ལ་ཞ་ཉེ་སྐྱེས། ལི་ཁྲི་ལ། ས། རྡོ། ཤིང་ལས་འབྱུང་བ་དང་། བལ་པོར་ཞ་ཉེ་ལས་བཟོས་པ་ཚོན་དམར་སེར་དུ་རུང་བ་རྣམས་ཡོད་ལ། དེ་དག་གིས་རུལ་བ་གཅོད། ལ་ལས་སྨན་དུ་དེ་མི་རུང་ཆུ་དྲེག་དམར་མོ་སིནྡྷུ་རའི་རིགས་གཏོང་ཟེར་བ་མང་ངམ་སྙམ།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། རྡོ་ལི་ཁྲི་རྩུབ། ས་ལི་ཁྲི་འཇམ། ཤིང་ལས་བྱུང་བའི་ལི་ཁྲི། ཞ་ཉེ་ལས་བཟོས་པའི་ལི་ཁྲི་བལ་ཡུལ།
     མཛེས་མཚར་མིག་རྒྱན་ལས། ལི་ཁྲི་ནི། རྒྱ་གར་གྱི་ས་རྡོ་ཤིང་ལས་འབྱུང་བ་དང་། ཡང་རྒྱ་ནག་བལ་པོར་ཞ་ཉེས་བཟོས་པ་བྱེ་མ་ལྟ་བུའི་ངུར་སྨྲིག་བཟང་། དམར་ལ་ཡུན་དུ་ལོན་ནས་ནག་པོར་འགྲོ་བ་ངན། དེ་བསྲེགས་ན་ཞ་ཉེ་འབབ་པ། དེས་རུལ་གཅོད་རྩ་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X