>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

མུ་ཟི་ནག་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 10:46:43 ཀློག་གྲངས། 30

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ནག་པོ་ནི། རང་བྱུང་པས། ནག་པོས་ལྷོག་པའི་ནད་ལ་ཕན།། ཞེས་པ། རིགས་གསུམ་སྟེ། ས་ནང་ནས་བྱུང་བའི་རྡོ་སྔོན་དངུལ་རྡོ་འདྲ་ལ། དེ་ལས་སྣ་རིང་བ་དང་། ས་རལ་བྲག་ལྕིབས་དང་། རྡོ་བཅག་པའི་ནང་སོགས་ནས་འོང་བའི་སྔོ་ཉོབ་ཐལ་བ་ལྟ་བུ་དང་། སའི་སྐད་གསེང་སོགས་སུ་ཆགས་པའི་ལེབ་མོ་ཤོག་བུ་བརྩེགས་པ་འདྲ་བ་རྣམས། གང་ཡང་མེ་ལ་བསྲེགས་ཚེ་མུ་ཟི་བྲོ་བ་དང་། ཉི་མས་དྲོས་ཆེ་ཡང་དེ་བཞིན་བྲོ་བ་ཡིན། བཟང་བ་མཚན་མོ་མེ་ཉོབ་ལ་བཏབ་པས་མེ་སྔོན་བུན་ནེ་བ་འབར་བ་དང་།འབྲིང་བ་ཉིན་མོ་གྲིབ་མའི་ནང་དུ་མེར་བཏབ་པ་དུད་པ་འཐུལ་ཙམ། ཐ་མ་བསྲེགས་པས་མུ་ཟི་བྲོ་ཙམ། འདི་བཟང་ཡང་བཞུ་བཏུབ་པ་མ་མཐོང་།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ཟི་ནག་པོ་རམས་འདྲ་བ།། ཡང་ན་ཁྲག་སྒམ་རྡོག་པོ་འདྲ།། སྲེག་ན་ལྷག་ཅིང་དྲི་མ་ཚོར།། གཞན་དུ་དྲི་མེད་རོ་མི་གསལ།།དེ་ཡོད་ས་ཕྱོགས་ལས་སྐྱེས་པ།། ཆུ་ནི་དངས་ཤིང་རྙོག་མེད་འབྱུང་།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མུ་ཟི་ནག་པོ་མཆོག་རྭ་འདྲ་འོད་ཅན་དྲི་མནམ་པ་དང་ཕལ་བ་རྭ་ཚིག་པ་འདྲ་བས་མེ་དབལ་སོགས་གཉན་འཇོམས།

གོང་ངོས། མུ་ལྗང་།
X