>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཁབ་ལེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-26 14:49:22 ཀློག་གྲངས། 27

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁབ་ལེབ་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ།།ཞེས་པ་ལ་རིགས་བཞི་སྟེ། འགུགས་བྱེད་དང་། གཅོད་བྱེད་དང་། འབིགས་བྱེད་དང་། སྐོར་བྱེད། འདི་ལ་ལྕགས་རྡོ་འདྲ་བའི་རྡོ་སྟེ། སྔོ་ལ་མཁྲེགས་པ་དང་། ནག་ལ་སྙི་བ་དང་། འོད་ཅན་འབྲིང་པོ་སོགས་དབྱིབས་དང་ཁ་དོག་སྣ་ཚོགས་ལས་མ་ངེས་ཀྱང་། བརྡུངས་ན་ལྕགས་ཀྱི་དྲི་མ་མནམ་ཞིང་། ལྕགས་ཀྱིས་བརྡུངས་པས་ཁ་སོ་བ་སྤུ་ལྟར་སོབ་ཟིང་ཟིང་ལྡང་བ་ཡོད། མཆོག་ནི་རི་རབ་ཀྱི་ལྷོའི་ངོས་ལ་ཁབ་ལེན་གྱི་བྲག་སེང་གེ་འདྲ་བ་ཡོད་པའི་དབང་གི་ཕྱོགས་བརྟག་འཁོར་ལོའི་སྐོར་ལྕགས་ཁ་བྱང་དུ་བལྟ་བར་འཐེན་ནུས་པ་དེ་ཡིན། དེ་རིགས་རྒྱ་ནག་ཏུ་མཁར་གྱི་ལོགས་སུ་བརྩིགས་པས་ཁྲབ་ཅན་ལེན་བཏུབ་པ་ཡོད་ཅེས་པའི་རྒྱུ་རྒྱ་ནག་ནས་འབྱུང་བས་ཁབ་ཁྲུ་གང་གི་ས་ནས་ལེན་པ་དང་། འབྲིང་ནི་མ་ངེས་པ་ནས་འབྱུང་སྟེ། སོར་དོ་དཔག་པ་ཙམ་ནས་ཁབ་ལེན་ལ་རིམ་པས་ཁབ་གཅིག་ལ་གཅིག་མཐུད་བཅུ་ཙམ་ལེན་ནས་གཉིས་པོ་རིམ་པས་བཟང་ངན་དང་། ཐ་མས་ཁབ་རེག་པ་ལེན་པ། དེ་དག་འགུགས་བྱེད་རིགས་ཡིན་ལ། ཁབ་མ་བླངས་ཀྱང་ངན་པའི་ཁྱབ་པ་མེད་པས། མཁྲེགས་པས་ལྕགས་བཞར་གཅོད་བཏུབ་ཅིང་བཞར་བཞིན་ཕྱེ་མ་འཛིན་པ་གཅོད་བྱེད། ཕྱེ་མ་ཆུར་སྦྱངས་པའི་ལྡེ་གུ་ལྕགས་གད་བདར་བྱས་པའི་མཐིལ་དུ་བླུག་ལ་ཞག་འགའ་བཞག་པས་ལྕགས་ཕུག་བཏུབ་པ་འབིགས་བྱེད། ཁབ་མི་ལོན་ཀྱང་ཁབ་ལ་བསྐོར་བ་བྱས་པས་ཁབ་བསྐོར་བཏུབ་པ་སྐོར་བྱེད་ཟེར་ཡང་མ་ངེས། གང་ཡང་ཁོང་དུ་བཏང་བས་ལྕགས་བཞུ་བ་དང་རྨ་ཁར་འབྱར་བྱས་པས་མདེའུ་འབྱིན་པར་བྱེད།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཁབ་ལེན་རོ་བསྐ་ཞུ་རྗེས་བསིལ་ལ་སྙོམས།། ནུས་པས་རུས་ཆག་གསོ་དང་ལྕགས་གཡའ་འགོག།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཁབ་ལེན་རོ་ཁ་ཞུ་རྗེས་བསིལ་ལ་སྙོམས།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཁབ་ལེན་ལ། ལྕགས་འདྲེན། ཁབ་ལེན་ལ། འགུགས་བྱེད་གཅོད་བྱེད་འབིགས་བྱེད་སྐོར་བྱེད་རིགས་བཞི་ལ་མཆོག་འབྲིང་དམན་གསུམ་རེ་སྟེ། མཆོག་ལྷོ་ཕྱོགས་ན་ཡོད་པའི་ཁབ་ལེན་གྱི་བྲག་སེང་གེ་ལྟ་བུ་ལས་འབྱུང་བ། འབྲིང་ཁབ་བཅུ་ཙམ་སྦྲེལ་ནས་ལེན་ཐུབ་པ། ཕལ་བ་ཁབ་ཆུང་སོགས་ལྕགས་རིགས་ཕྲན་བུ་ལེན་ཐུབ་ཙམ་གྱི་རྡོ་སྨུག་ནག་སྟེ། དེ་རྣམས་ཀྱིས་ཁོང་བ་སོགས་ལ་མདེའུ་སོགས་ཤོར་བ་འབྱིན་ཞིང་ཀླད་པ་དང་རུས་པའི་རྩ་ནད་སེལ།
   འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། ཁབ་ལེན་མཆོགརི་རབ་ཀྱི་ལྷོར་ཡོད་པ། ཁབ་ལེན་འབྲིང་རྒྱ་ནག ཁབ་ལེན་དམན་པ།
   མཛེས་མཚར་མིག་རྒྱན་ལས། ཁབ་ལེན་ནི། ཨསྣི་སྟ་ཟེར། ལྕགས་རྡོ་འདྲ་བ་སྔོ་མཁྲེགས་ནག་སྙི་བ་སོགས་མ་ངེས། རིགས་བཞི་ལས། སོར་མོ་དཔག་ཙམ་ལ་ཁབ་ལེན་ཅིང་གཅིག་ལ་མཐུད་པས་བཅུ་ཙམ་ནས་གཅིག་གི་བར་ལེན་པ་དང་། ལྕགས་རེག་སྤུ་ལྟར་ལེན་པ་སོགས་རིམ་གྱིས་བཟང་ངན་རྣམས་འགུགས་བྱེད། ཁབ་མ་བླངས་ཀྱང་མཁྲེགས་པས་ལྕགས་བཞར་གཅོད་བཏུབ་ཅིང་བཞར་ཕྱེ་མ་འཛིན་པ་གཅོད་བྱེད། ཕྱེ་མ་ཆུར་སྦྱངས་པའི་ལྡེ་གུ་ལྕགས་གད་བདར་བྱས་པའི་མཐིལ་དུ་བླུགས་ལ་ཞག་འགའ་བཞག་པས་ལྕགས་ཕུག་བཏུབ་པ་འབིགས་བྱེད། ཁབ་མི་ལེན་ཀྱང་ཁབ་ལ་བསྐོར་བ་བྱས་པས་ཁབ་བསྐོར་བཏུབ་པ་སྐོར་བྱེད་རྣམས་ཏེ། དེ་བཞུས་ནས་ལྕགས་བཟང་འབབ་དང་། ལྕགས་དེས་བྱས་པ་རྒྱ་ནག་གི་ཕྱོགས་བརྟག་འཁོར་ལོའི་ཁབ། རི་རབ་ཀྱི་ལྷོར་ཁབ་ལེན་གྱི་བྲག་ཡོད་པས། ཁབ་རྩེ་ལྷོར་བལྟ་བ་ཡིན། དེས་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ།།

གོང་ངོས། ཡིག་ཆ་མི་འདུག
X