>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དཀར་གོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-26 14:46:33 ཀློག་གྲངས། 28

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཀར་གོང་སྲིན་འདོན་གདོན་སྐྲོད་དུག་ལ་ཕན།། ཞེས་པར། རང་བྱུང་བས། དཀར་གོང་སྲིན་ཅན་སོ་སྲིན་སེལ།། གསུངས་པ་ལ་མིང་། དཀར་གོང་། མཁར་གོང་། ཨ་དཀར། ཐུན་རྡོ། རྡོའི་ཕྱག་རྡོར། གདུག་པ་ཚར་གཅོད། ཁུངས་ནི། ཕྱག་ན་རྡོ་རྗེས་ཡུངས་ཀར་དང་འདི་གཉིས་གདུག་པ་འདུལ་ཕྱིར་ཛམྦུ་གླིང་དུ་ཐུན་དུ་འཐོར་བ་དང་། མ་འོངས་པའི་དོན་དུ་ཚངས་པས་རྡོ་གཞན་གྱི་དཀྱིལ་དུ་སྦས་སོགས་བཤད་ཁུངས་འགའ་ཟུང་ཡོད་ཀྱང་བཞག རིགས་སྲིན་ཅན་དང་སྲིན་མེད་གཉིས། སྲིན་ཅན་སྔོ་ལ་མཁྲེགས་ཤིང་འོད་དང་ལྡན་པ་འབུ་སྲིན་སོང་བའི་ཤུལ་ལྟ་བུའི་བུག་གསེང་ཡོད་པ། སྲིན་མེད་ནི་དཀར་ལ་དངས་པ་ལུག་ཚིལ་འདྲ། གང་ཡང་སླད་མེད་ལ་དངས་པ་དགོས། ཅོང་ཞི་ངན་རིགས་དང་མ་ནོར་བ་གལ་ཆེ། དེ་ཡང་མི་ནོར་བའི་གཟེར། སོལ་མེར་ཚོས་པར་བསྲེགས་ལ་ཆུར་བཅུག་པས་ཅོང་ཞི་ཞོ་ལྟར་འཇུ། དཀར་གོང་མི་འཇུ་བ། འདི་ཚ་ལ་དང་སྦྱར་ནས་ཡོལ་གོ་འཆོས་པ་ལ་དཀར་ཡོལ་ཟེར་བའི་དོན།
   སྨན་མིང་རྒྱ་མཚོ་ལས། དཀར་གོང་སྲིན་ཅན་སོ་སྲིན་སེལ།།
   མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། དཀར་གོང་ཕྱེ་མ་མེད་ན་བཟང་།།
   མཛེས་མཚར་མིག་རྒྱན་ལས། མཁར་གོང་ནི། དཀར་གོང་། དཀར་ཡོལ་རྒྱུ་ཟེར། རྡོ་དཀར་སྔོ་མཁྲེགས་ཤིང་འོད་ལྡན། ལུག་ཚིལ་ལྟ་བུ་དངས་པ་སྲིན་མེད་ཅེས་པ་བཟང་། སྲིན་ཅན་ཞེས་པ་བྱ་འབུ་སོང་བའི་ཤུལ་ལྟར་བུག་གསེང་ཡོད་པ་ངན། ཕོ་ཅོང་ཕལ་བར་ནོར་ཡོད་ལ། ཅོང་ཞི་འདུལ་བས་ཞོ་ལྟར་འཇུ་སྟེ། དེ་མི་འཇུ། འདིས་ཡོལ་གོ་བཟོས་པ།

X