>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ལྕགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 10:04:12 ཀློག་གྲངས། 19

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས།  ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ།། ཞེས་དང་། རང་བྱུང་བས། ལྕགས་ཀྱིས་ཆུ་དང་མཚོན་རྣམས་ལྡོག། ཞེས་པའི་མིང་། ལོ་ཧ། ཨ་ཡཿ། ལྕགས། སྟྲ་ཀཾ མཚོན་ཆ་སྣ། ཏིཀྵྞཾ། རྣོན་པོ། པིཎྜ། གོང་བུ། ཨ་ཡཿ། གར་བུ། ཀཱ་ལ། ནག་པོ། སྭོ་ལ་སཱཾ། གོང་པ། གི་ར་སྭོ་ར། རི་སྙིང་། ཨསྨ་སྭོ་ར། རྡོའི་སྙིང་པོ། ཞེས་དང་། གབ་མིང་། ཨཱོ་ཡུཿཧ་ར། ཚེ་འཕྲོག གསོད་བྱེད། གཅོད་བྱེད། ངར་འཐུང་ཞེས་ཟེར། འདི་ལ་རིགས་མཆོག་གཉིས། ཕལ་པ་དྲུག་སྟེ། རྒྱུ་ནི་རྡོ་བཞུས་པ་ལས་འབྱུང་། མཆོག་གི་དང་པོ་ནི། གང་བྷེ་ལ་ཞེས་པ་ཞིག་ཨ་ཤའི་ཡུལ་ནས་འབྱུང་བའི་མདོག་ཁམ་ནག་ཞིག  དེའི་རལ་གྲིས་གླང་པོ་ཆེ་ཡང་ཕྱེད་ཚད་དུ་ཆོད་པར་ནུས་པ་དེ་ལ་ཡིག་འབྲུ་འདྲ་བའི་རི་མོ་ཡོད་པར་བཤད། གོང་དངུལ་དང་བཅུ་འགྱུར་ཡིན་ཟེར། གཉིས་པ་ལི་ཚེ་རི་བྱ་བ་ནི་ཡུལ་ལགྨ་ན་དང་ཀསྨི་རའི་བྱང་ཕྱོགས་ནས་འབྱུང་། མདོག་ཤིན་ཏུ་སྔོ་བ་ཞིག  དེ་ལས་བྱས་པའི་མཚོན་ཆས་ལན་ཅིག་བསྣུན་པའི་ཤུལ་དུ་ཡང་མ་བསྣུན་ཀྱང་གོམ་པ་བདུན་འདོར་ལོང་གི་ཡུན་ཙམ་དུས། ཡིད་ལ་བརྒྱབ་པར་མི་སེམས་པས་ཀྱང་སྔ་མ་ལྟར་ཕོག་པ་ཞིག་ཡོད་པར་གྲགས། ཕྱི་མ་འདི་གསེར་དང་མཉམ་འཇོག་རི་བར་བཤད། དེ་གཉིས་ལ་ལྕགས་མཆོག་ཞེས་ཟེར། ཕལ་པ་ནི། སྲོག་ཆགས་ལས་བྱུང་བ་དང་། རྡོ་ཁབ་ལེན་ལས་བྱུང་བ་དང་། ལྕགས་རྡོ་ལས་བྱུང་བ་དང་།མདུང་རྩེ་ལས་བྱུང་བ་སོགས་ཡོད་པར་བཤད། བོད་འདིར་དར་བ་ལྕགས་རྡོ་ལས་བྱུང་བ་འདི་ཡིན། དེ་ལ་ཁ་དོག་གི་དབྱེ་བས་འབྱུང་བ་ལྔའི་མིང་འདོགས་ཡོད་ཀྱང་མདོར་ན་མཉེན་ལྕགས་དང་། ངར་ལྕགས་གཉིས་སུ་འདུས། མཉེན་ལྕགས་ནི་ཁ་དོག་དཀར་ལ་ངར་མི་འཐུང་བ་མོ་ལྕགས་དང་། ཁ་དོག་ནག་ལ་བརྡུངས་རྗེས་དམར་བ་དང་། དཀར་ཡང་ངར་ཆེར་འཐུང་བ་ཕོ་ལྕགས་ཡིན། ཁབ་ལེན་ལས་བྱུང་བ་ལ་རིགས་བཞི་སྟེ། རང་བྱུང་རྡོ་རྗེས། ཁབ་ལེན་རིགས་ནི་རྣམ་པ་བཞི། འགུགས་བྱེད་ལྕགས་རྣམས་འགུགས་པར་བྱེད། གཅོད་བྱེད་འབིགས་བྱེད་སྐོར་བྱེད་རྣམས། ལྕགས་ཀུན་ལས་བྱེད་ཁམས་མཆོག་ཡིན། ཞེས་གསུངས་པའི་རྡོ་རིགས་དེ་བཞི་ལས་བྱུང་བ་སྟེ། འགུགས་བྱེད་ཀྱི་ལྕགས་ནི་སྔ་རབས་པས་ཕུར་པ་སོགས་འཆོས་པས་ཁབ་ལེན་པ་དེ་ཡིན། གཏེར་མའི་ཕུར་པ་དང་རྡོ་འདི་རིགས་ལས་བྱས་པ་མང་། གཅོད་བྱེད་དང་འབིགས་བྱེད་ཀྱི་ལྕགས་ཀྱིས་ལྕགས་གཞན་ཤིང་ལྟར་གཅོད་འབིགས་བྱེད་པ་དང་། སྐོར་བྱེད་ཀྱི་ལྕགས་ནི་རྒྱ་ནག་ནས་འབྱུང་བའི་ཕྱོགས་བརྟག་འཁོར་ལོའི་ར་མགོ་བྱས་པ་དེ་ཡིན་པས་གླིང་གི་བྱང་ངོས་རི་རབ་ཀྱི་ལྷོའི་ངོས་ལ་ཁབ་ལེན་གྱི་བྲག་ཡོད་པ་དེ་ལ་བསྐོར་ཏེ་ཕྱོགས་པར་བྱེད་པ་དེ་ཡིན། འདི་བཞི་ནུས་པ་མཐུན་པར་བཟང་། རྒྱ་སོགས་སོལ་རྡོས་བཞུ་བསྲེག་བྱས་པའི་བོད་ཀྱིས་ཤིང་སོལ་གྱིས་བསྲེགས་པས་བརྡུང་མི་བཏུབ་པའི་རིགས་ནི་དུག་ལྕགས་ཡིན་པས་ངན། ལྕགས་ཕྱེ་ལྕགས་ཐལ་གང་བྱེད་ཀྱང་ལྕགས་ཞུན་འཐར་ལེགས་པར་བྱ་དགོས། ལྕགས་ཐལ་མཆིན་དུག་དམུ་རྫིང་སྐེམས་པའི་མཆོག ཅེས་པ་ལྕགས་འཕྲུལ་ཐལ་བྱས་པ་ཡིན། ལྕགས་ཕྱེས་མིག་ནད་དུག་དང་སྨུག་པོ་འཇོམས།། ཞེས་པ་ལྕགས་སེག་བརྡར་གྱིས་བརྡར་ཕྱེ་སྨན་གྱིས་དུག་བཏོན་ལ་སྨན་གྱིས་བཤིག་པ། ལྕགས་ཁུས་མཆིན་ཚད་མིག་ནད་ཤུ་བ་སེལ།། ཞེས་པ་ལྕགས་སྨན་གྱིས་བཞུས་པའི་ཁུ་བ། ལྕགས་དྲེག་མིག་ནད་སྦྱངས་དང་སེར་ནད་འཇོམས།། ཞེས་པས་ལྕགས་བསྲེག་བརྡུང་བྱས་པའི་གོག་དྲེག  ལྕགས་སོལ་མིག་སེར་རུས་ཞེན་འདོན་པར་བྱེད།། ཅེས་པས་ལྕགས་ཞུན་བྱས་པའི་ཐབ་ཀྱི་སླེ་ཞུན་ཆགས་པ་ལ་སྔགས་དང་སྦྱོར་སྡེ་སོགས་པས་མི་ལ་ཤ་སེར་ལ་ཕན་པ།
   སྨན་མིང་རྒྱ་མཚོ་ལས། ལྕགས་ཀྱིས་ཆུ་དང་མཚོན་རྣམས་བཟློག།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ལྕགས་ཀྱི་རོ་སྐྱུར་ཞུ་རྗེས་བསིལ་ཁོ་ན།། མཆིན་ནད་མིག་ནད་དུག་ཚད་སྐྱ་རྦབ་སེལ།།
   མཛེས་མཚར་མིག་རྒྱན་ལས། ལྕགས་ནི། རྒྱ་སྐད་དུ་ལོ་ཧི་ཟེར། སྲོག་ཆགས་དང་ཁབ་ལེན་དང་མདུང་རྩེ་དང་། ད་ལྟ་ལྕགས་རྡོ་ལས་འབྱུང་བའི་འཇམ་དཀར་ངར་མི་ཐུབ་པ་མོ། རྣོ་དྲག་ནག་ལ་བརྡུངས་རྗེས་དམར་བ་དང་དཀར་ཡང་ངར་ཆེར་ཐུབ་པ་ཕོ་ལྕགས་ཡིན། ཁབ་ལེན་གྱི་ལྕགས་ནི་སྔ་རབས་པས་ཕུར་བ་སོགས་འཆོས་པས་ཁབ་ལེན་པ་དང་། ལྕགས་གཞན་ཤིང་ལྟར་གཅོད་པ་དང་། རྒྱ་ནག་གི་ཕྱོགས་བརྟགས་འཁོར་ལོའི་ཁབ་རྣམས་ཡིན། ལྕགས་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་ལ་ཕྱི་བློན་རིན་ཆེན་སྔོན་ཕྱེ་ཟེར་ལྡེ་མིག་བཞིན་ཨ་རུ་འོམ་བུར་བསྐོལ་བས་མིག་དུག་སྨུག་འཇོམས་ཤིང་། ལྕགས་བསྲེག་བརྡུང་བྱས་པའི་གོག་དྲེག་གིས་མིག་ནད་སྦྱོང་། ལྕགས་ཐལ་གྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། ཕྱི་མ་རྒྱུད་དུ། གསེར་དངུལ་ཟངས་ལྕགས་རྣམས་སྦྲང་གཤོག་ཙམ་བརྡུངས་ནས་དུམ་བུར་གཏུབས་ཏེ། མུ་ཟི་བཅས་ཞིག་དཀའི་ཀོང་བུར་ནུས་ལྡན་བསྲེག་པར་གསུངས།

གོང་ངོས། ཅེ་སྤྱང་རྭ།
X