>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

དངུལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 9:46:49 ཀློག་གྲངས། 23

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ།། ཞེས་པར། རང་བྱུང་རྡོ་རྗེས། དངུལ་གྱིས་སོ་ནི་བཟང་པོར་འགྱུར།། ཞེས་དང་། མན་ངག་ཏུ། དངུལ་ནི་གསེར་དང་ཕྱོགས་མཐུན་ལ།། རོ་ཁ་ཞུ་རྗེས་ཁ་ཡང་སྙོམས།། ཞེས་གསུངས། མིང་ནི། རུ་པྱཾ། དངུལ། ར་ཛ་ཏཾ། ཚོན་ཅན། དུརྺ་རྞཾ། མདོག་ངན། བྷངྒ་པི་ཛ། འཁྱོག་པའི་ས་བོན་དང་། ཤྭེ་ཏ་ཁརྫུ་ར། ཁརྫུ་རཾ་ཤྭེ་ཏཾ། དཀར་པོ། ཙནྦྷ། ཨིནྡྷུ། དྷ་ར། རུ་པ། རཱུ་པ། ཨརྦ་ཊཻ། རཱ་ཏེ། ཞེས་དང་གབ་ཏུ། རྡོ་སྙིང་། རྒྱ་ནག་གིས་ཡི་འཛི། ཧོར་གྱིས་མུན་འགུ། བྱུང་ཁུངས་ས་ལས་བྱུང་བ་དང་། ཤིང་ལས་བྱུང་བ་དང་། རྡོ་ལས་བྱུང་བ་གསུམ་ཡོད། ས་ལས་བྱུང་བ་ནི། ཛམྦུ་གླིང་གི་གླིང་ཕྲན་གཞན་པ་ཨ་ལ་ཡི་ཞེས་བྱ་བའི་ཡུལ་དུ་ས་བྲུས་པའི་ནང་དུ་ཆར་བབས་པའི་རྐྱེན་གྱིས་ཆབ་རོམ་ལྟར་ཆགས་པར་བཤད་པའོ།། དེ་ནི་མཆོག་ཏུ་བཤད། ཤིང་ལས་བྱུང་བ་ནི། ཁྭ་ར་ས་ནའི་ཡུལ་དུ་ཤིང་གི་སྡོང་པོ་རུ་པ་ད་རུ་ཞེས་པ་བསྲེགས་པ་ལས་ཞུན་དུ་བབས་ནས་ཆགས་པར་བཤད་པ། རྡོ་ལས་བྱུང་བ་ནི། དངུལ་རྡོ་སྔོན་པོ་ཕྲོམ་པ་དེ་བཞུས་པ་ལས་འབྱུང་། དེ་ཡང་རྡོ་རིགས་ཀྱི་ཁྱད་པར་ལས་རྡོ་བཞུས་པ་ནས་དངུལ་འབབ་པ་དང་། རྡོ་བཞུས་པས་དང་པོ་ལྕགས་འབབ་པ་དང་། གཤའ་འབབ་པ་དང་།་ཞ་ཉེ་འབབ་པ་དང་། ཟངས་འབབ་པ་སྟེ། དེ་བཞི་གང་ཡང་སླར་བཞུ་བཏུལ་བྱས་པས་སྔ་མ་དག་ནས་དངུལ་འདུག་པའི་རིགས་ཏེ། ནད་ལ་ཡང་རང་རང་གི་མ་དང་མཐུན་པར་ཕན་གསུངས། རྒྱུད་རིན་ཆེན་སྤུངས་པ་ལས། དངུལ་ནི་མཚལ་ལས་བྱུང་བ་ཡིན། ཞེས་གསུངས་པ། དངུལ་རང་དུ་བྱེད་མཁན་འདུག་ཀྱང་། འདི་དངུལ་ཆུ་ལ་གསུངས་པ་ལས་དངུལ་དུ་དགོངས་པའི་ཁུངས་མ་མཐོང་། དེ་དག་རྒྱུའི་སྒོ་ནས་ས་དངུལ། ཤིང་དངུལ། རྡོ་དངུལ་ཞེས་འབོད་པར་གྲགས་ཀྱང་། བོད་དུ་རྡོ་དངུལ་འབའ་ཞིག་ལས་མི་འབྱུང་ལ། དེར་ཡང་། ལྕགས་དངུལ་སྔོ། གཤའ་དངུལ་དཀར། ཞ་དངུལ་ཁམ། ཟངས་དངུལ་དམར་ཟེར། འོན་ཀྱང་དེང་སང་བོད་ཆེ་ཆུང་དུ་འབྱུང་བ་འདི་ལ་ར་དངུལ་ལུག་དངུལ་གཉིས་སུ་འདུས། ར་དངུལ་སྔོ། ལུག་དངུལ་དཀར་བ། དེ་ཡང་ཧོར་དངུལ་ཤིང་ཁ་མ་བཟོ་དབྱིབས་མ་ངེས་པ་དང་། རྒྱ་དངུལ་འོ་ཁ་མ་སྟེ་འདི་ལ་བོད་དངུལ་བསྲེས་པ་མང། དེ་ལ་དབྱིབས་ཁྱད། རྒྱ་ནག་གི་རྟ་རྨིག་མ། ལུག་རྨིག་མ། ར་རྨིག་མ། རྟ་དྲས་མ། ཡིག་ཕྭན་སོགས་དང་། རྒྱ་གར་ཊཾ་ག་ཡུལ་ཁྱད་ཀྱིས་གྲུ་བཞི་ཟླུམ་པོ་གཉིས་ལ་ཞོ་གསུམ་རེ་ཡོད་པ། བལ་པོའི་ཊཻ་ག་ཞོ་ཕྱེད་དང་དོ་རེ་ཡོད་པ། དེར་ཡང་ཡམ་བུ་དང་། ཡེ་རང་དང་། ཁོ་ཁོམ་གསུམ་པོའི་རང་རྟགས་ཁ་རིས་དང་། རེ་རེར་ཡང་རྒྱལ་རབས་རེ་རེ་བཞིན་གྱི་རྟགས་ཁ་ཡིག་ཨདྲཱྀ་ལོ་རྟགས་བཅས་གསལ་བ་དང་། ནང་པ་ལ་རང་རྟགས་མཆོད་རྟེན། ཕྱི་པ་ལ་དབང་ཕྱུག་གི་རྩེ་གསུམ། ཐུན་མོང་ལ་འདྲེས་པ། ཆོས་རྒྱལ་བ་སུ་དྷ་རའི་བསྒྲུབ་པའི་མཎྡྲིལ་རྟེན་མདའ་གཞུ་བྲིས་པ་སོགས་དང་། དེ་བཞིན་མོན་ཊཻ་ཞེས་ཞོ་རེའི་ཚད། རྒྱ་སེར་གྱི་འདྲ་མིན་སྐར་རེ་ལངས་པ་རྣམས་ནི་ར་དངུལ་ཡིན་པར་བཤད། ཁམས་དངུལ་ཞོ་ཁ་མ་ལའང་དངུལ་ཁ་མང་སྟབས་མི་འདྲ་བ་ཅུང་འབྱུང་ཡང་རིགས་གཅིག་པར་བྱེད་པ་དང་། གཞན་རྡོ་དངུལ་ནས་ཟངས་ཀྱི་བར་རྣམས་ལས་ལྕགས་དངུལ་མ་གཏོགས་པ་སྟེ་དེ་དག་ལུག་དངུལ་དུ་བརྩི་བ་གཞུང་གི་རྩིས་ལུགས། གང་ལའང་ར་མེད་པ་སྟེ་ལྷད་བྲལ་བ་དགོས། དེ་ཡང་རྡོ་ནག་ལ་བྲིས་པས།། སེར་ན་རག་འདྲེས། དམར་ན་ཟངས། ནག་ན་ཞ་ཉེ། སྔོ་ན་གཤའ་འདྲེས་པས་མ་དག་བར་བཞུ་བཏུལ་གྱིས་རང་འདུག་བྱེད་ཅིང་གསེར་ལྟར་ཚ་བརྡུང་ཐུབ་པ་དགོས། ར་མེད་པར་རི་མོ་དཀར་ནར་གྱིས་འོང་བ་ཡིན། རང་བྱུང་རྡོ་རྗེས། གསེར་དངུལ་ཐལ་བས་ཤ་རོ་རྨེན་འབྲས་གཅོད།། ཅེས་དང་། མན་ངག་ཁ་ཅིག་ཏུ། དངུལ་ཐལ་རུལ་གཅོད་འབྲས་འདུལ་དམུ་ཆུ་སྐེམ།། ཞེས་འབྱུང་བ་རྣམས་ནི་དངུལ་འདི་ཐལ་བ་ཤས་ཆེར་བྱེད་དགོས་པ།
   སྨན་མིང་རྒྱ་མཚོ་ལས། དངུལ་གྱིས་སོ་ནི་བཟང་པོར་འགྱུར།།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། དངུལ་ཡང་དེ་མཚུངས་ཆུ་སེར་རྣག་ཁྲག་སྐེམས།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དངུལ་ལ། མཆོག་ལ་ས་དང་ཤིང་ལས་བྱུང་བ་དང་། ཕལ་བ་དང་དངུལ་རྡོ་བཞུས་པ་ལས་བྱུང་བའི་ཤིང་ཁ་འོ་ཁ་དང་ཏྲཾ་ཁ་དང་འདྲ་མིན་སོགས་ར་དངུལ་དང་།། ཞོ་ཁ་དང་ལྕགས་ཞ་དཀར་ཞ་ཉེ་ཟངས་སོགས་ལས་བྱུང་བའི་ལུག་དངུལ་སོགས་ཏེ། དེ་རྣམས་རོ་བསྐ་བ་ཅན་གྱིས་ཆུ་སེར་རྣག་ཁྲག་སྐེམ་ཞིང་སོ་ལ་ཕན།
   མཛེས་མཚར་མིག་རྒྱན་ལས། དངུལ་ནི། རྒྱ་སྐད་དུ། རུ་ཟེར། གླིང་ཕྲན་ཨ་ལ་ཡིའི་ས་ལས་འབྱུང་བ་དང་ཁྲ་ར་ས་ནའི་ཡུལ་གྱི་ཤིང་རུ་བ་ད་རུ་བསྲེག་ནས་འབབ་པ་དང་། ད་ལྟ་དངུལ་རྡོ་ལས་འབྱུང་བའི་དཀར་པོར་ལུག་དངུལ། སྔོ་ལ་ར་དངུལ་ཞེས་པ་དང་། དབྱིབས་ཀྱི་ཁྱད་པར་ནི། རྒྱ་གར་གྱི་ཊཻ་ག་ཞེས་གྲུ་བཞིའམ་ཟླུམ་པོ་ཞོ་གསུམ་རེ་ཙམ། རྒྱ་ནག་གི་རྟ་རྨིག་བོད་ཀྱི་དངུལ་དོང་ཚེ་སོགས་ཡིན། དེས་ཆུ་སེར་དང་རྣག་ཁྲག་སྐེམ།།

གོང་ངོས། ཡིག་ཆ་མི་འདུག
X