>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཁྲ་མེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 10:51:12 ཀློག་གྲངས། 35

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁྲ་མན་གཟའ་ནད་འབྱུང་པོའི་གདོན་ཀུན་ཐུབ།། ཅེས་པ། དཀར་ཁྲ་མན་ཏེ་འདི་ངོས་འཛིན་མང་ཡང་། གཟིའི་རྒྱུ་ལས་རི་མོ་སྔོ་དཀར་དམར་སོགས་མ་ངེས་པ་ཞིག་ཡོང་ལ། རིགས་གཅིག་ནི་གཟི་ནག་ཁྲ་འགྱུར་མིག་དགུ་པ་ཡིན་པར་བཤད། དཔྱད་དོན་ལས། སྔོ་ལྗང་དམར་སེར་འདྲེས་པ་མིག་གི་རྒྱན།། ལྕི་ལ་སྙི་ཞིང་ལ་དྲིལ་འདྲ་ན་བཟང་།། དངས་ཤིང་མཁྲེགས་ན་རྒྱ་ཡི་བཟོ་མ་སྟེ།། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ།། རྔ་ཡབ་གླིང་ནས་ཤང་ཤང་ཉིད་ཀྱིས་ཁྱེར།། ཨུ་རྒྱན་མཁའ་འགྲོའི་གནས་སུ་ཚོང་སྤྲད་པས།། ད་ལྟ་དཀར་གྱི་ཁྲ་མན་ཞེས་སུ་གྲགས།། འདི་ཉིད་བཏགས་ན་གཟའ་སྐར་སྟེང་གདོན་ཐུབ།། ཅེས་སོ།།
     མཛེས་མཚར་མིག་རྒྱན་ལས། དཀར་ཁྲ་མེན་ནི། གཟིའི་རྒྱུ་ལས་རི་མོ་སྔོ་དཀར་དམར་སོགས་མ་ངེས་པ། བཻ་སྔོན་ལས། འཁྲུལ་མེད་གཟི་མིག་དགུ་པ་ཡིན་ཞེས་དང་། པད་དཀར་ཆུན་པོ་ལས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཅིང་།། དམར་སེར་སྔོ་ལྗང་འདྲེས་པ་མིག་གི་རྒྱན།། ཅེས་དང་། མན་ངག་བཀའ་རྒྱ་མ་ལས། དཀར་ཁྲ་མེན་གྱི་ལོ་རྒྱུས་ཅུང་ཟད་བསྟན།། སྔོ་ལྗང་དམར་སེར་འདྲེས་པ་མིག་གི་རྒྱན།། ལྕི་ལ་སྙི་ཞིང་ལ་འདྲིལ་འདྲ་ན་བཟང་།། དྭངས་ཤིང་མཁྲེགས་ན་རྒྱ་ཡི་བཟོ་མ་ཡིན།། འདི་ནི་ཆུ་ལས་འབྱུང་བའི་རིན་པོ་ཆེ།། རྔ་ཡབ་གླིང་ནས་ཤང་ཤང་ཉིད་ཀྱིས་ཁྱེར།། ཨོ་རྒྱན་མཁའ་འགྲོའི་ཡུལ་དུ་ཚོང་སྤྲད་པས།། ད་ལྟ་དཀར་གྱི་ཁྲ་མེན་ཞེས་སུ་གྲགས།། ཞེས་པ་དང་། ཤེལ་སྒོང་ལས། ཁྲ་མེན་གཟའ་ནད་འབྱུང་པོའི་གདོན་ཀུན་ཐུབ།། ཅེས་གསུངས་སོ།།

གོང་ངོས། ཁྱུང་སྐྱུགས།
X