>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཁྱུང་སྐྱུགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 9:59:14 ཀློག་གྲངས། 41

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁྱུང་སྐྱུགས་དུག་སོགས་ནད་ཀུན་འཇོམས་པའི་མཆོག།  ཅེས་པ་འདི་ནི་ནམ་མཁའ་ལྡིང་བརྫུས་སྐྱེས་ཀྱིས་དུག་སྦྲུལ་ཟོས་པས་དུག་གི་སྟོབས་ཀྱིས་འཆི་བའི་ཚེ་ལུས་མེས་སྲེག་པར་བྱེད་ལ། སྙིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཻ་ཌཱིཪྻའི་རང་བཞིན་དུ་གྱུར་ལ། མི་ཆེ་བའི་བརླ་ལྷུའི་ཤ་ཙམ་མདོག་ཤིན་ཏུ་སྔོ་བར་གྱུར་ནས་གནས། དེ་ནི་བརྒྱ་བྱིན་གྱིས་ཐོབ་ན་གཙུག་གི་ནོར་བུར་བྱེད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཐོབ་ན་ནང་ནོར་རིན་པོ་ཆེ་བྱེད། ཞེས་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས་བཤད། འདིའི་མཆོག་ནི་དཀོན་ལ། ཕལ་རིགས་ཞིག་མི་དཀོན་ཙམ་འབྱུང་། བརྟགས་ན་སྔོན་པོ་གཡུ་རྙིང་ལྟ་བུ་དང་། རབ་ནི་དེ་ལས་ཅུང་ཟད་མཐིང་མདངས་ཆགས་ལ་ནམ་མཁར་བཏེག་ན་ཤེལ་རིགས་ཙམ་ཕྱི་ནང་མི་བསྒྲིབ་པར་མི་གསལ་ཡང་། དམའ་སར་བཞག་ནས་བལྟས་ན་རྡོ་ཧ་ཤིག་དངས་པའི་ཉམས་ལྟར་ལ་དེ་ལས་ཤིན་ཏུ་དངས་པས་གཏིང་ནས་མི་བསྒྲིབ་པ་ལྟར་གསལ། ཁྱད་པར་མི་ནོར་བའི་རྟགས་ནི་འདི་རིགས་མཆོག་དམན་གང་ཡང་ཡུང་བ་སེར་པོའི་ཁུ་བར་བརྡར་ན་ཁ་དོག་དམར་པོ་ཁྲག་ལྟར་འབབ་པར་བྱེད། འདིའི་མཆོག་གིས་གསེར་བདུན་སྐོར་རྩི་ལ། ཕལ་པས་དངུལ་བདུན་སྐོར་བྱེད། འདི་རིགས་འགའ་ཞིག་གཡུ་དང་ནོར་བ་འབྱུང་ཡང་ཡུང་བར་བརྡར་བས་ཤེས། འདི་སྟེང་ལྷ་ཡུལ་ནས་ཡོང་བར་བཤད་ཀྱང་མི་ཡུལ་མ་ངེས་པ་ནས་འབྱུང་།
   མཛེས་མཚར་མིག་རྒྱན་ལས། ཁྱུང་སྐྱུགས་ནི། སི་ཏུས་ཛ་ཧ་ར་མུ་ར་ཟེར། མདོག་སྔོ་དཀར་གཡུ་ལྟར་ལ། རབ་ནི་ཅུང་ཟད་མཐིང་ཁ་མདངས་ཆགས་པ་ནམ་མཁར་བཏེགས་ན་ཤེལ་རིགས་ཙམ་ཕྱི་ནང་མི་བསྒྲིབ་པར་མི་གསལ་ཡང་།དམའ་སར་བཞག་ནས་བལྟས་ན་རྡོ་ཧ་ཤིག་དྭངས་པའི་ཉམས་པ་ལས་དྭངས་པས་གཏིང་ནས་མི་བསྒྲིབ་པ་ལྟར་གསལ། བརྟགས་པ་ནི་ཡུང་བའི་ཁུ་བར་བརྡར་ན་ཁྲག་ལྟར་འབབ་པ།

གོང་ངོས། འཁར་བ།
X