>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

ར་དུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:42:48 ཀློག་གྲངས། 21

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ར་དུག་དམར་པོས་གདུག་བའི་གཉན་སྲིན་འདུལ།། ཞེས་པ། མངོན་རྟོགས་ལས།ར་དུག་ནག་པོ་ཞེས་བྱ་བ།། ཀླུང་ཆེན་འགྲམ་གྱི་ནགས་ལས་སྐྱེ།། རྩ་བ་དམར་པོ་སྙ་ལོ་འདྲ།། རྐང་པ་དམར་སྨུག་སྣུམ་པ་ལ།། ལོ་མ་སྔོ་སྣུམ་ཉ་ག་ཅན།། ལོ་ལྡེབས་མཛེས་མཚར་བྲིས་པ་འདྲ།། སྡོང་པོ་སྨྱུག་གི་ཐུར་མ་ལ།། མེ་ཏོག་དམར་ཆེན་རྒྱ་མེན་འདྲ།། གོང་བུ་ར་མའི་ནུ་མ་འདྲ།། གསུམ་ཚོམ་མམ་བཞི་ཚོམ་རྩེ་མོ་གདེངས་བའི་ནང་།། འབྲས་བུ་གླ་བའི་རིལ་མ་འདྲ།། རོ་ནི་ཁ་མངལ་དྲི་མ་དུགས།། ནུས་པས་གཉན་སྲིན་གདུག་པ་འཇོམས།། ཞེས་པ་ཇི་ལྟ་བ་ལས་མེ་ཏོག་དམར་པོ་དབྱིབས་དང་ཆེ་ཆུང་ལྕང་ཤོག་སེར་པོ་ཙམ།
   གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ར་དུག་པ་ཞེས་བྱ་བ་ནི།།མེ་ཏོག་དཀར་པོ་གཉིས་སྦྲག་ཅན།།ར་དུག་པ་ཡི་རྩ་བ་དང་།།དཔྱིད་ཀ་ཡིན་ན་ཉུང་ངུ་དཔྱིད་མིན་ནུས་པ་ཆེ་བ་ཡིན།།ཁྲོན་བུ་ཤུག་པ་ཚེར་མ་ཅན།།དེ་གསུམ་ཆ་མཉམ་ཆུ་གྲང་ཕུལ།།ལྷོག་པ་དང་ནི་གཟེར་ཐུང་འཇོམས།།མཆོག་ཏུ་ལྷོག་པ་དག་ལ་ཤིས།།ཁ་གནོན་དག་ལ་ཧ་བོ་བཏང་།།རླུང་སྐྱེས་ན་ནི་ཆུ་ཐུག་བཏང་།།ཡང་ན་པི་པི་ལིང་ཡང་བཏང་།།ཤུག་པ་མེད་ན་བག་ཕྱེ་དང་།།བྱིས་པའི་ཆུ་དང་སྨན་སྦྱར་བྱུག། ལྷོག་པའི་ནད་ཀུན་སེལ་བར་བྱེད།།
   གསོ་དཔྱད་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ར་དུག་ནག་པོ་བཙན་དུག་ཡིན།། འདི་ནི་དུག་དང་སྨན་གཉིས་ཡིན།། གཅིག་པུ་གསོད་བྱེད་དུག་ཡིན། སྦྱོར་བ་ལེགས་བྱས་ནད་གཞན་སེལ།།
   འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། ར་དུག་དཀར་པོ་གཅིག་རེང་ལུས་རིང་བ།། མེ་ཏོག་རི་མོ་དམར་པོ་ཅན།། དེ་ནི་ལེགས་པར་སྐམས་བྱས་ལ།། ཁྲོམ་བུ་ཤུག་པ་ཚེར་མ་ཅན་གསུམ་དང་།། ཁོང་དུ་གེ་བ་འགགས་པ་སེལ།། སྐྲངས་པ་ཆེ་བར་གྱུར་པ་ཡང་།། གཙགས་བུས་དྲས་ལ་གདབ་པར་བྱ།། ར་དུག་སྔོན་པོའི་རྩ་བ་དང་།། ལོ་མ་གང་ཡང་རུང་བ་ཡིས།། གཉན་གྱི་ནད་ཀུན་ཐུབ་པར་ངེས།། སྦྱོར་བའི་གྲོགས་ནི་ཤེལ་ཏ་དང་།། སྟག་ཤ་ཟིལ་ཐིག་རྣམས་སྦྱར་བས།། ཁོང་དུ་ཡང་ནི་གཏང་བར་བྱ།། སྤྱོད་ལམ་མི་རྟ་ཁྱི་གསུམ་བསྲུང་།།
   གཡུ་ཐོག་སྔོ་འབུམ་ལས། ར་དུག་པ་ནི་ས་ངན་སྐྱེ།། སྐྱེ་ལུགས་ཁྱི་ལྕེ་གཞན་དང་འདྲ།། ལོ་མ་སྡོང་པོའི་ལོགས་ལ་འབྱར།། ངར་པ་ཆིག་སྐྱེ་ཕྲ་བ་སྟེ།། རིང་ཐུང་སོར་བཞི་སོར་ལྔ་ཙམ།། མེ་ཏོག་དཀར་དམར་མང་བ་སྟེ།། གཉན་ནད་འཇོམས་པར་བྱེད་པ་ཡིན།། གཉན་སྲིན་སྨན་གྱི་སྡེ་ཚན།
   གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། ར་དུག་རོ་མངར། ནུས་པ་དྲོད། རྗེས་ཀྱང་དྲོད། གཉན་རིགས་ཐམས་ཅད་ལ་འགྲོ། གཉན་དང་འབྲས་ཀྱི་འབྱར་ལ་འགྲོ། སྐྲངས་པ་དང་སྟོང་སྦོས་ཙམ་གྱི་བྱུག་པ་ལ་འགྲོ། ཆུ་སེར་གྱི་བྱུག་པ་ལ་འགྲོ།
   སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ར་དུག་དམར་པོ་ནི། བཙན་དུག་མེ་ཏོག་དམར་པོ་ཨུཏྦལ་འདྲ་བ་འདི་ནི་རྒྱ་སྨན་ལ་འགྲོ་བའི་མིང་། ཆི་ཞྭའོ་ཟེར་བ་དེ་ཀའོ།།

གོང་ངོས། ཡིག་ཆ་མི་འདུག
X