>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

འབྲི་མོག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:38:50 ཀློག་གྲངས། 38

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། འབྲི་མོག་གློ་བའི་ནད་སེལ་ཁྲག་ལ་ཕན།། ཞེས་པར། དཔག་བསམ་ལྗོན་ཤིང་ལས། འབྲི་མོག་གློ་བའི་ཚད་པ་སེལ།། ཁྲག་ཏུ་སྐྱུགས་པ་གཅོད་པར་བྱེད།། ཅེས་པར་མིང་། བྷཱུ་ཏ་ཀེ་ར། འབྱུང་པོའི་ཁྲག རྩིའི་ཁྲག འབྱུང་བའི་ཁྲག དོང་རལ་པ། རི་ཚོས་ཟེར། འཁྲུངས་དཔེར། འབྲི་མོག་ཅེས་བྱའི་སྨན་མཆོག་ནི། ས་མཁྲེགས་གྲམ་པ་དག་ལས་སྐྱེ།། ལོ་མ་སྐྱ་ལ་རབ་ཏུ་རྩུབ།། མེ་ཏོག་སྔོ་དམར་རྩ་བ་དམར།། རོ་ནི་མངར་ལ་ཅུང་ཟད་ཁ།། ནུས་པས་གློ་ནད་ཁྲག་ནད་སེལ།། ཞེས་པར། བྱེ་མ་དཀར་འཇམ་རླན་ཆུང་སར་སྐྱེས་པ་རྩ་བ་ཕྲ་ལ་རྩི་མཐུག་པ་བཟང་། དེ་ལས་ལྡོག་པ་ངན། འདི་ལ་རྒོད་གཡུང་གཉིས་འབྱུང་བའི་སྔ་མ་དེ་རྒོད་པ་ཡིན། གཡུང་བ་ནི། རྩ་བ་ཤིན་ཏུ་ཕྲ་ལ་དམར་བ་བྱིས་མོག་ཅེས་བྱ་བ་དེའོ།།
   གཡུ་ཐོག་སྔོ་འབུམ་ལས། འབྲི་མོག་པ་ནི་མུ་ལ་སྐྱེ།། ཚིགས་དང་བྱེ་མ་ལ་ཡང་སྐྱེས།། ལོ་མ་ལྗང་སྐྱ་རྩུབ་པ་སྟེ།། རྩ་བ་མེ་ཏོག་དམར་བ་ཡིན།། རིང་ཐུང་རྐང་རེ་ཁྲུ་རེ་ཙམ།། དེ་ལ་འབྲི་མོག་ནག་པོ་ཟེར།། མཁྱིད་རེའམ་མཛུབ་རེ་ངར་པ་ཕྲ།། ལོ་མ་སྤུ་ཅན་འབྲི་མོག་དཀར།། དཀར་པོ་གློ་དང་ཁྲག་རླུང་དང་།། འགྲམས་དང་ཁྲག་ལ་མཆོག་ཏུ་བསྔགས།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། འབྲི་མོག་ནི། ས་མཁྲང་བའི་གྲམ་པ་སོགས་ལ་སྐྱེ་བ་ལོ་རྐང་སྤུ་ཆུང་ཅན་ལོ་མ་སྐྱ་རྩུབ་མེ་ཏོག་དམར་ཞིང་རྩ་བའང་དམར་པོ་རོ་མངར་ཁ་ཅན་གཏོར་མའི་ཚོས་རུང་བ་དེས་སྣ་ཁྲག་གཅོད་ཅིང་གློ་རྡོལ་སོགས་གློ་ནད་ཁྲག་ཚད་སྦྱར་དུག་སེལ།
   མཛེས་མཚར་མིག་རྒྱན་ལས། འབྲི་མོག་ནི། དོང་རལ་ཟེར། ས་ས་མཁྲེགས་གྲམ་དག་ལ་སྐྱེ་བ་ལོ་རྐང་སྤུ་ཆུང་ཅན། ལོ་མ་སྐྱ་རྩུབ་མེ་ཏོག་སྔོ་དམར་རྩ་བ་དམར་སྨུག་རྩི་མཐུག་པ་རོ་མངར་ཁ་བ་ཅན་རྒོད་པ་བཟང་། དེའི་ལོ་ལྗང་མར་དུ་བསྐོལ་ན་མདོག་ལྗང་ཁུར་འགྱུར། རྩ་བ་ཤིན་ཏུ་ཕྲ་བ་བྱིས་མོག་ཅེས་པ་གཡུང་བ་དམན།

གོང་ངོས། བོང་ང་ནག་པོ།
X