>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

བོང་ང་ནག་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:35:00 ཀློག་གྲངས། 72

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བོང་ང་ནག་པོ་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ། འདི་དངོས་འདྲ་བ་གཉིས་ངོས་ཀྱི་མིང་ནི། བི་ཎྜྷ། བཙན་དུག སྨན་ཆེན། ར་དུག གསོད་བྱེད། ཧ་ལ་ཧ་ལ། བོང་ང་ནག་པོ། ལྷོག་དུག་ནག་པོ། འཛིན་པ། ནག་པོ་ཟིལ་ཅན། དཔའ་བོ་ཁ་ལ་མེ་ཁྱེར། ཟེར། མེ་ཏོག་ལ་དུག་པུཥྤ། འདི་དབྱེ་ན་རྩ་བའི་དུག་ལྔ། ཡན་ལག་གི་དུག་ལྔ་སོགས་ཁ་དོག་གི་དབྱེ་བ་དཀར་སེར་དམར་སྔོ་ནག་པོ་ཡོད་ཀྱང་། རྩ་བའི་ཁ་དོག་དཀར་སེར་ནག་གསུམ་དུ་འདུས། དེ་རེ་རེ་ལའང་ཕྱི་ནང་གསང་གསུམ་སྟེ། ནང་གསེས་དཀར་པོ་ལ་ར་དུག་པ། འཛིན་པ། བདུད་རྩི་ལོ་མ་ཟེར། སེར་པོ་ལ། བཙན་དུག དཔའ་ཆེན། འབྲི་ཚིལ་མ་ཟེར། ནག་པོ་ལ་བོང་ནག ཧ་ལ། བི་ཎྜྷ་ནག་པོ་ཟེར། རེ་རེ་ལ་དབྱེ་བ། ལོ་མ་མེ་ཏོག་རྐང་གསུམ་ཕྱིའི་འཛིན་པ། རྩ་བ་ནང་གི་འཛིན་པ། འབྲས་བུ་དང་ས་འོག་ནས་ཁ་འབུས་པའི་མྱུ་གུ་གསང་འཛིན། ནུས་པ་རིམ་པས་ཕྱི་མ་ཆེ།། སྲིབ་ཀྱི་ཉི་མ་མི་ཕོག་པའམ།། ཉི་ལན་ཆུང་ལ་ཆུ་དང་འགྱངས་པ་བཟང་།། འདིའི་ཚོད་ལོན་པའི་རྒྱུས་དང་བསྟུན་པའི་སྦྱར་ཚད་ཁ་གནོན་གཏོང་ལུགས་བྱ་མ་ཤེས་ན་ཉེས་པ་ཆེན་པོ་བསྐྱེད་དེ། དྭགས་པོ་རིན་པོ་ཆེས། དཔའ་བོ་ཁ་ལ་མེ་ཁྱེར་དེ།། སྐྱེ་བ་ལྷོ་མོན་རོང་ལས་སྐྱེ།། གོང་གནོན་མེད་ན་རྒྱལ་ཁམས་ཕུང་།། ཐུན་ཚོད་མ་ཟིན་རེ་གཉིས་ཕུང་།། ཞེས་གསུངས་སོ།། ཁ་དོག་གི་དབྱེ་ལུགས་གཅིག་ལ་མེ་ཏོག་སྔོ་རྐྱང་དང་སྔོན་པོར། ར་དུག་དང་འཛིན་པ་ཟླ་བྲལ་ཟེར། དམར་ནག་ལ་སྤྱང་དུག ནག་པོ་དང་ལྡུམ་མདོག་ལ་བོང་ནག་ཟེར། ཁ་སྟོད་ཕྱུགས་ལྷས་གཡའ་འདབ་སོགས་ལས་སྐྱེ་བའི་འཛིན་ལོ་རྩ་བ་ཕྲ་བ། ལོ་མར་ཟིལ་ཆུང་ལ་རྣོ་མགྱོགས་དངས་སླ་བ་ལ་བདུད་རྩི་ལོ་མ་ཟེར། མེ་ཏོག་དཀར་ཤས་ཆེ་ཞིང་རྩ་བ་དཀར་རྡོག་ཅན་ལ་ཡང་འཛིན་དཀར་རམ་བདུད་རྩི་ལོ་མ་ཟེར།
   གཡུ་ཐོག་སྔོ་འབུམ་ལས། བོང་ང་ནག་པོ་མུ་ལ་སྐྱེ།། ལོ་མ་ལྗང་ནག་ངར་པ་ནག། རྩ་བ་རྡོག་འདྲིལ་མེ་ཏོག་སྔོ།། རོ་ནི་ཁ་ཞིང་ནུས་པ་ཡིས།། གཉན་ནད་མ་ལུས་སེལ་བར་བྱེད།།
གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། བོང་ང་ནག་པོ་མེ་ཏོག་མཐིང་ནག་ཏུ་ཡོང་། རྩ་བའི་མདོག་ཀྱང་ནག་པོར་ཡོང་།
   སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། བོང་ནག་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ། རྒྱ་བལ་ནས་འབྱུང་བ་ནི་མདོག་ནག་པོ་རོ་མངར་ཞིང་སྦྲིད་ཁ་ཡོད་པ་ཞིག་ཡོད།
   མཛེས་མཚར་མིག་རྒྱན་ལས། བོང་ནག་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ་སྨན་ཆེན། གཏུམ་པོ་ཡང་ཟེར། མེ་ཏོག་གི་དབྱེ་བས་རིགས་ལྔ་ཡོད། དེ་ཡང་སྲིབས་ཀྱི་ནགས་སོགས་སུ་སྐྱེ་བ་སྡོང་པོ་རིང་ལྡེམ་ལོ་མ་མཁན་པ་འདྲ་བ་མེ་ཏོག་དང་ལྡན་པའི་རྩ་བ་སྟེ། མེ་ཏོག་དཀར་པོ་ཅན་ལ་འཛིན་པ། ར་དུག ཟླ་བཅུད། མེ་ཏོག་སེར་པོ་ཅན་ལ་བཙན་དུག དཔའ་བོ། དཔའ་བོ་ཆིག་ཐུབ། འབྲི་ཚིལ་མ། མཛོ་སྣ། མེ་ཏོག་སྔོ་ནག་ཅན་ལ་བི་ཥ།  མཐིང་ནག་ཁྲོས་པ་ཟེར། གཞན་ཡང་སྔོ་དམར་ལ་སྤྱང་དུག་སྔོ་སྐྱ་ལ་ར་དུག དེའི་རིགས་དུག་གཞན་ནས་ཟུར་དུ་སྐྱེ་བ་ལོ་ཕྲ་ཕུར་མོང་འདྲ་བ་དུག་སྟོབས་ཧ་ཅང་ཆེ་བ་ད་ལྟ་བོང་དཀར་དུ་འཛིན་པ་ནི་ཚུལ་རབ་ཏུ་མི་མཐུན་པའི་གནོད་པ་འདུག བོང་ང་ཟླ་བྲལ་ཟེར་བ་ལྔ་ཡོད་ཀྱང་དཀར་སེར་ནག་གསུམ་དུ་འདུས་པར་བཤད། དེ་དག་གི་མེ་ཏོག་ལ་དུག་གི་མེ་ཏོགདུག་པུས། དུག་པུཥྞཱི་དང་ཟླ་བ་བཞིར་བཏུ་བའི་ལོ་མ་ལ་བདུད་རྩི་ལོ་མ་ཟེར། དུག་ལོར་འཛིན་པ་ཟེར་བ་མ་ཡིན་ཏེ། ལྷན་ཐབས་མཁལ་ལེའུའི་གསང་སྨན་བཅུ་པའི་འཛིན་པ་ལ་ལྡེ་མིག་ཏུ་བདུད་རྩི་ལོ་མ་ཞེས་པའང་གཞུང་དུ་གླ་རྩི་འཛིན་པ་གཉིས་ཀྱིས་གཉན་ནི་འཇོམས། ཞེས་པ་ལྟར་རྩ་བ་དགོས། བོང་ང་དེའི་ནང་ཚན་འཛིན་པ་གསུམ་ནི། མན་རྒྱུད་ལས། ཕྱི་འཛིམ་ར་དུག་རྩ་བ་དུས་བརྐོས་པ།། ནང་འཛིམ་མགོ་དགུ་བདུན་ལྔ་གསུམ་པ།། གསང་འཛིམ་འབྲས་བུ་ལོ་གཅིག་སྐྱེས་པའོ།། ཞེས་པ་སྟོན་དགུན་དུས་ཀྱི་རྩ་བར་ཕྱི་འཛིམ། མགོ་དགུ་བདུན་ལྔ་གསུམ་ཡོད་པར་ནང་འཛིམ། འབྲུ་ཡིས་ལོ་གཅིག་ཏུ་སྐྱེ་བའི་རྩ་བར་གསང་འཛིམ་ཞེས་པའོ།། དུག་དེའི་རྩ་བ་ནད་མེད་དར་མས་ནས་ཕྱེད་དམ་ནས་ཙམ་མམ་གཉིས་ཙམ་ཟོས་ན་སྨན་དང་ལྡང་བ་རིམ་པར་བཟང་ངན་ཡིན་པས་དེར་བསྟུན་གྱི་སྦྱོར་ཚད་ཤེས་པ་གལ་ཆེ་ཞིང་། བདུད་རྩི་ཟིལ་དཀར་ལས། གཉེན་པོ་ཨ་རུ་ར་མེད་ན་རང་གི་ནུས་པ་འབར་ནས་གཉན་ལ་གནོད་པར་གསུངས་པ་དང་། དེའི་ནུས་པ་དྲོད་སྙོམས་ཡང་ཞུ་རྗེས་བསིལ་ཡིན། བཻ་སྔོན་ལས། གག་ལྷོག་སོགས་གཉན་རིགས་མཐའ་དག་གི་གཉེན་པོར་བསྔགས་ཤིང་གདོན་དང་སྙིང་རླུང་ཆུ་སེར་གྱི་རིགས་ལ་ཕན་པ་དང་། བཙན་དུག་གིས་དམུ་ཆུ་སྐེམ་པར་བཤད།

གོང་ངོས། བོང་ང་སེར་པོ།
X