>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

བོང་ང་དམར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:25:38 ཀློག་གྲངས། 50

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བོང་ང་དམར་སེར་ཤ་དུག་བཙན་དུག་སེལ།། ཞེས་པའི་བོང་ང་དམར་པོ་ནི། རང་བྱུང་པས། དམར་པོས་དུག་ཚད་སེལ་བ་ཡིན།། ཞེས་སོ།། མིང་རཀྟ་ནཱིརྦི་ཤི་ནི་ཟེར། འཁྲུངས་དཔེར། བོང་ང་དམར་པོ་ཞེས་བྱ་བ།། མེ་ཏོག་རྒྱ་ཚོས་རྩ་བ་དམར།། རོ་ཁ་ནུས་པས་དུག་རྣམས་སེལ།། ཁྱད་པར་བཙན་དུག་ནུས་པ་འཇོམས།། ཞེས་རྒྱ་གར་ལྷོ་མོན་ཙ་རི་སོགས་ནས་འབྱུང་ལ་རྩ་བ་དབྱིབས་ལ་ཕུག་འདྲ་བ་མཐེ་བོང་ཙམ་ནས་ལུག་རིལ་ཙམ་བར་འབྱུང་ལ། བཅད་ན་འོད་དང་བཅས་མཁྲེགས་སྔོ་དམར་སྣུམ་སྨུག་ལྡན་ཞིང་རོ་ཁ། དེ་གསེར་འགྱུར་གྱི་རྫས་མཆོག་སྟེ་ཤིན་ཏུ་བཟང་། ལྷག་པར་གྲེ་བའི་ནད་ལ་མཆོག། དངུལ་ཆུ་བཙོ་བཀྲུ་ལ་དགོས་པ་འདི་ཡིན། དམན་པ་དེ་ལས་ཆེ་ལ་ནག་གྱོང་རྩུབ་ཅིང་རོ་ངན་པ་ཡིན། ལོ་མ་དམར་པོ་ཉ་ག་ཅན་སྡོང་བུ་མེ་ཏོག་འཛིན་པའི་དབྱིབས་མེ་ཏོག་དམར་པོ་རྒྱ་མདངས་སྤུ་ཅན་རྩ་བ་དམར་ལ་གཏིང་རིང་བ་སྲིབ་གར་ཡང་སྐྱེ་བ་དེས་ཚབ་བྱེད་པར་སྣང་།
   གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། བོང་ང་དམར་པོ་ཞེས་བྱ་བ།། ར་དུག་འདྲ་བས་མེ་ཏོག་དམར།། ལོ་མ་མཁན་པ་འདྲ་བ་སྟེ།། ཨ་རུ་ར་དང་བྱིས་པའི་ཆུ།། སྦྱར་ནས་བཏང་བས་སྙིང་རླུང་སེལ།། བོང་ང་སུམ་ཆ་ཨ་རུ་ར།། སུམ་གཉིས་སྦྱར་ན་གཟེར་ཐུང་སེལ།། ཐར་ནུ་སུམ་ཆ་ལྕུམ་རྩ་གསུམ་གཉིས་སྦྱར་ན་གཟེར་ནད་སེལ།
   གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ར་དུག་དམར་པོ་ཞེས་བྱ་བ།། བོང་ང་དམར་པོ་ཞེས་ཀྱང་བྱ།། ལོ་མ་སྡོང་པོ་གོང་དང་འདྲ།། མེ་ཏོག་རྒྱས་སྐབས་མེ་ཏོག་འདྲ།། རྩ་བ་དམར་ལ་རོ་ནི་ཁ།། རང་གི་ནུས་པས་དུག་ནད་འཇོམས།། ཁྱད་པར་བཙན་དུག་ནུས་པ་རྣམས།། རྨ་བྱ་བཞིན་དུ་སྨོས་ཅི་དགོས།། དུག་ལྡན་གཞན་གྱི་ནུས་པ་རྣམས།། འདི་ཡིས་ཐམས་ཅད་ཟིལ་གྱིས་གནོན།།
   གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། བོང་ང་དམར་པོ་རོ་ཁ། ནུས་པ་དང་ཞུ་རྗེས་དཀར་པོ་དང་མཚུངས་སོ།། སྤྱིར་རྒྱས་ཚད་ལ་སོགས་ཚད་པ་ཙམ་ལ་འགྲོ། ཁྱད་པར་ཁྲག་ལ་མདོག་དམར་བས་འགྲོ། མཁྲིས་པ་ལ་རོ་ཁ་བས་འགྲོ། དུག་ཙམ་ལ་འགྲོ། ཁྱད་པར་ཤ་དུག་ལ་འགྲོ།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བོང་ང་དམར་པོ་དང་། མེ་ཏོག་རྒྱ་ཚོས་དང་སེར་མདངས་ཅན་གྱིས་འབྱེད་ལ་ལོ་སྡོང་སོགས་དཀར་པོ་དང་འདྲ་བ་སྟེ། དེ་དག་གི་རྩ་བས་ཤ་དུག་བཙན་དུག་སེལ་ལ།
   སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལས། བོང་དམར་ནི་ཁ་སྟོད་ཀྱི་སུར་ནག་སོགས་ཀྱི་ནང་དུ། ལོ་མ་བོང་དཀར་འདྲ་བ། སྡོང་བུ་མཐོ་རེའམ་ཁྲུ་རེ་ཙམ་གྱི་རྩེར་མེ་ཏོག་དམར་སྨུག་བོང་དཀར་འདྲ་ཚད་པ་ལ། སྤུ་ཐིབ་སེ་འབྱུང་བ་དེ་ཡིན། ཁྱུང་སྡེར་སྨུག་པོའི་ཚབ་ལྡུམ་རྩ་བཀག་དང་། དཀར་པོའི་ཚབ་ནི། ལོ་མ་རེ་རལ་འདྲ་ཞིང་སྤུ་འདིའི་སྤུ་འདི་རྒྱ་ལུགས་རྨ་སྨན་ཐམས་ཅད་ཀྱི་མཆོག་ཏུ་འཛིནཡོད་པ། རྩ་བ་ཁྱུང་གི་སྡེར་མོ་འདྲ་བ་དེ་ཡིན།
   སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། རཀྟ་ནི་རྦི་ཎྜྷཿ སླར་དུག་དམར་པོ་སྟེ་བོང་དམར་ནི། རྒྱ་བལ་ལྷོ་མོན་ཙཱ་རི་རྣམས་ནས་འབྱུང་བ། རྩ་བ་ལ་ཕུག་འདྲ་བ་མཐེ་བོང་ནས་ལུག་རིལ་ཙམ་གྱི་བར་ཅི་རིགས་པ་དང་། བཅད་ན་འོད་དང་བཅས་མཁྲེགས་ཤིང་སྔོ་བ་དེ་བཟང་། དེ་ལས་ཆེ་ཞིང་ནག་ངོམ་པ་གྱོང་ཞིང་རྩུབ་པ་དེ་དམན།
   མཛེས་མཚར་མིག་རྒྱན་ལས། བོང་དམར་ནི། ནཱིརྦིཤ་ནི། གཏུམ་པོ་དམར་པོ་རྒྱ་ཚོས་འདྲ་བའི་རྩ་བ་སྟེ། རྒྱ་གར་ལྷོ་མོན་ཙ་རི་སོགས་ནས་འབྱུང་། རྩ་བའི་དབྱིབས་ལ་ཕུག་འདྲ་བ་མཐེ་བོང་ཙམ་ནས་ལུག་རིལ་ཙམ་གྱི་བར་འབྱུང་སྟེ། བཅད་ན་འོད་བཅས་དངས་མཁྲེགས་སྔོ་དམར་སྨུག་སྣུམ་ལྡན་ཞིང་རོ་ཁ། དེས་དངུལ་ཆུ་བཙོ་བཀྲུ་བྱེད་པར་དགོས་པ་དང་། གསེར་འགྱུར་གྱི་རྫས་ཏེ་ཤིན་ཏུ་བཟང་། ལྷག་པར་གྲེ་བའི་ནད་ལ་མཆོག་ཏུ་ཤེལ་ཕྲེང་ནས་གསུངས།

གོང་ངོས། བོང་ང་དཀར་པོ།
X