>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

བོང་ང་དཀར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:21:17 ཀློག་གྲངས། 57

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ།། ཞེས་པར། ལྕགས་ཀྱི་ཕྲེང་བར། བོང་ང་དཀར་པོ་བསིལ་བས་དུག་ལ་ཕན།། ཞེས་དང་། བདུད་རྩི་ཐིགས་པར། བོང་དཀར་སྙོམས་ཤིང་སྡིག་སྦྲུལ་ཟིན་པའི་ལུས།། བཀྲུས་པས་སེལ་ཞིང་ཁོང་དུ་བཏང་བས་བདེ།། ཞེས་དང་། རང་བྱུང་རྡོ་རྗེས། བོང་ང་དཀར་པོས་རིམས་རྣམས་སེལ།། ཞེས་སོ།། བོང་ང་ལ་རིགས་བཞི། འཁྲུངས་དཔེ་ལས། བོང་ང་དག་ལ་དཀར་ནག་དམར་སེར་བཞི།། དཀར་དམར་སེར་གསུམ་སྨན་ཡིན་ལ།། ནག་པོ་དུག་ཡིན་སྨན་ཡང་རུང་།། ཞེས་པས། སྔོན་ཚེ་དུག་མི་རྒྱུ་བ་ལ་ཐིམ་པའི་ཚེ་དུག་གི་གཉེན་པོར་བདུད་རྩི་ཡང་མི་རྒྱུ་བར་ཐིམ་པ་བོང་ང་དཀར་སེར་དམར་གསུམ་ཡིན་པར་བཤད་པས། བོང་དཀར་ལ་མིང་། ཨ་ཏཱི་བི་ཎྜྷ། ཤིན་ཏུ་དུག་མེད། པྲ་ཏཱི་བི་ཎྜྷ། སོ་སོར་དུག་མེད། ཤ་རེ་ནི་རྦི་ཤི། གབ་ཏུ། གངས་ཀྱི་ཞུན་ཆུང་། ལོ་མ་ལ་སྤྲེལ་སྨན་བཅད་འབྱོར། ཨ་ཛེ་ཤ་ཟེར། རྟོགས་བརྗོད་ལས། གཡའ་འདབ་བསིལ་ལྗོངས་འཛིན་པའི་བོང་ང་དཀར།། དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ།། གཡུ་ལོ་དུང་གི་མེ་ཏོག་མཛེས་པས་བརྒྱན།། དུག་རིགས་མཁྲིས་ཚད་འཇོམས་པའི་གཙོ་མོ་ལགས།། ཞེས་པས་གསལ།
   གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོད་ལས། བོང་ང་དཀར་པོ་རོ་ཁ། ནུས་པ་བསིལ། ཞུ་རྗེས་བསིལ་རྒོད་ཡིན། ཁྱད་པར་དུག་ཚད་ལ་འགྲོ་སྟེ། ཆུ་གྲང་དང་སྦྱར་ནས་བཏང་ན་ཆིག་ཐུབ་ཡིན་ཏེ་ཟབ། མིང་དཔའ་བོ་དཀར་པོ་ཟེར། སྤྱིར་རྒྱས་ཚད་ལ་སོགས་པ་ཚད་པ་ཙམ་དང་། ཁྲག་ལ་འགྲོ། ཁྱད་པར་སྨུག་པོ་ལ་འགྲོ། སྟོངས་ཚད་ལ་རིགས་གང་ཡིན་ཡང་གནོད་ཤིན་ཏུ་གནོད། ཆུ་འགགས་སོགས་གྲང་བ་ཙམ་ལ་གནོད། སྤྱིར་རྨའི་རིགས་ཐམས་ཅད་ལ་འགྲོ། ཁྱད་པར་མགོ་ལ་འགྲོ། སྐེམས་ཀྱང་དུམ་ཙམ་ཡིན། ཤ་དུག་ལ་འགྲོ། ཚད་པ་རྩར་བྱེར་བ་ལ་འགྲོ། ལར་གྱི་འགྲོ་སྒོ་ཆེ་སྟེ་རྩུབ་པ་ལ་ཐེ་གསུངས། སྤང་དང་སྤེན་མ་གཡའ་སྤང་མཚམས་སུ་སྐྱེས་པ་བཟང་། རྩ་བ་སྦོམ་ན་བཟང་གསུངས་སོ།།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། བོང་ང་དཀར་པོ་རོ་ཁ་ཞུ་རྗེས་བསིལ།། རིམས་རྙིང་དུག་ཚད་མཁྲིས་ཚད་སེལ་བར་བྱེད།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བོང་ང་ལ་སྨན་གསུམ་དུག་ལྔ་ཡོད་པའི་སྨན་བོང་ང་དཀར་པོ་ནི། སྡོང་པོ་ཆུང་ལྡེམ་རྩ་བའི་འདབ་མ་གསུམ་བཞི་ཙམ་ལ་རྩེར་འདབ་མ་ཆུང་ངམ་ཉ་ཀ་བདུན་བརྒྱད་ཙམ་ཡོད་ལ་མེ་ཏོག་དཀར་སྔོ་དམར་མདངས་ཅན་རོ་ཁ་བ་སྟེ། དེས་རིམས་དུག་དང་མཁྲིས་ཚད་སེལ།
   མཛེས་མཚར་མིག་རྒྱན་ལས། བོང་དཀར་ནི་ཤིན་ཏུ་དུག་མེད། མེ་ཏོག་བོང་དུག་ཟེར། སྨན་སྦྱོར་དུ་བོང་ང་ཞེས་བྱུང་བ་ཀུན་འདི་ཡིན་ཞིང་། སྡོང་པོ་ཆུང་ལྡེམ་རྩ་བར་ལོ་མ་གསུམ་བཞི་ཙམ་ལ་རྩེ་མོར་འདབ་མ་ཆུང་ཉག་བདུན་བརྒྱད་ཡོད་པའི་མེ་ཏོག་དཀར་སྔོ་དམར་མདངས་ཅན་ནམ། རྟོགས་བརྗོད་ལས། གཡུ་ལོ་དུང་གི་མེ་ཏོག་མཛེས་པས་བརྒྱན།། ཞེས་པ་ལྟར་དཀར་པོ་ཡང་ཡོད་མོད། རོ་ནི་ཤིན་ཏུ་ཁ་བ་སྟེ། ལྕགས་ཕྲེང་ལས། བོང་ང་དཀར་པོ་བསིལ་བས་དུག་ལ་ཕན།། ཞེས་པས་རིམས་དུག་མཁྲིས་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X