>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

དཔའ་བོ་སེར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:06:02 ཀློག་གྲངས། 15

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཔའ་བོ་སེར་པོས་དུག་ཚད་སེལ།།ཞེས་དཔའ་བོ་སེར་པོ་ནི། འཁྲུངས་དཔེར། དཔའ་བོ་སེར་པོ་ཞེས་བྱ་བ།། ས་གཞི་འབོལ་བའི་ས་རུ་སྐྱེ།། ལོ་མ་སྡོང་པོ་བ་སྤྲུ་འདྲ།།མེ་ཏོག་སེར་པོ་ཆུང་བ་ཏེ།། རྩ་བ་ཁོང་སྟོང་ཁ་དོག་སེར།། རོ་ནི་ཁ་ལ་བསིལ་བ་ཡིན།། རང་གི་ནུས་པས་དུག་རྣམས་འཇོམས།། ཞེས་གསུངས་པའི་རྩ་བ་སེར་པོ་ཤིན་ཏུ་ཁ་བ་ཡིན།
   གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། དཔའ་བོ་སེར་པོ་ཞེས་བྱ་བ།། ས་གཞི་འབོལ་བའི་ས་ལ་སྐྱེས།། ལོ་མ་སྡོང་པོ་བ་སྤྲུ་འདྲ།། མེ་ཏོག་སེར་པོ་ཆུང་བ་སྟེ།། རྩ་བ་ཁོང་སྟོང་ཁ་དོག་སེར།། རོ་ནི་ཁ་ལ་ནུས་པ་བསིལ།། རང་གི་ནུས་པས་དུག་ནད་འཇོམས།།
   གཡུ་ཐོག་སྔོ་འབུམ་ལས། དཔའ་བོ་སེར་པོ་བྲག་ལ་སྐྱེ།། ལོ་མ་ལྕ་ཆུང་འདྲ་བ་ལ།། སྐྱེ་ལུགས་ངར་པ་སྤྲུ་དཀར་འདྲ།། རིང་ཐུང་རྐང་རེ་ཁྲུ་རེ་ཙམ།། རྩ་བ་མེ་ཏོག་སེར་བ་སྟེ།། རོ་ཁ་དུག་རིགས་མ་ལུས་སེལ།།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། དཔའ་བོ་སེར་པོ་སྐྱེར་ཤུན་འདྲ།།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། དཔའ་བོ་སེར་པོ་རོ་བསྐ་ཞུ་རྗེས་བསིལ།། ནུས་པས་དུག་ཚད་ཚད་པ་སེལ་བར་བྱེད།།
   མཛེས་མཚར་མིག་རྒྱན་ལས། དཔའ་བོ་སེར་པོ་ནི། འབོལ་བའི་སར་སྐྱེ་བ་ལོ་མ་དང་སྡོང་པོ་སྤྲུ་འདྲ་བ་མེ་ཏོག་སེར་ཆུང་གི་རྩ་བ་སེར་པོ་ཁོང་སྟོང་རོ་ཤིན་ཏུ་ཁ་བ། བརྡ་སྤྲོད་དུ། དཔའ་པོ་སེར་པོ་སྐྱེར་ཤུན་འདྲ།། ཞེས་པ་དང་། སི་ཏུས། མདོག་སེར་ལ་ཕུག་ཁྲིག་བཅད་བྱས་པ་འདྲ་བའི་དཔའ་སེར་ཞེས་པ་ད་ལྟ་སེར་ཡོད་པ་དེའོ།། ལྕང་སྐྱ་རོལ་བའི་རྡོ་རྗེའི་རི་བོ་རྩེ་ལྔའི་གནས་བཤད་དུ་ཧྭང་ཆིན་ཟེར་བ་ལ་དཔའ་པོ་སེར་པོར་བྱས་པའང་འཐད་པར་སེམས། དེས་དུག་ཚད་སེལ་ཞིང་ཁྱད་པར་རྟ་དྲེལ་ནད་ལ་ཕན།

X