>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

དཱུར་ཝ།

ཇུས་འགོད་པ། gly རྩོམ་སྒྲིག་པ། དུས་ཚོད། 2015-05-21 9:28:40 ཀློག་གྲངས། 23

བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཱུར་ཝས་དུག་གཞོམ་ཚེ་སྲིང་ཆུ་འགགས་འབིགས།། ཞེས་པར། རང་བྱུང་པས།རངརམ་རྩི་སྡིག་པའི་དུག་ལ་ཕན།། གསུངས། མིང་ནི། དཱུར་བ། ཤ་ཏ་པརྞ་ཀ་རི། ཚིགས་པ་བརྒྱ་བ། ས་ཧ་པྲ་བིཏྱ་ནི། ནུས་པ་སྟོང་ལྡན། བྷརྒྷ་བྱ་ནི་བྷྲྀ། ཀུའི་བུ་འམ་སྤང་སྐྱེས། རུ་ཧཱ། སྐྱེ་ལྡན། ཨ་ནནྟ། མཐའ་ཡས། གོ་ལོ་མཱི། གླང་གི་སྤུ་སྐྱེས། ཁཎྡྲི་ལི། དུམ་བུ་འཛིན་པ། ཤ་ཀུ་ལཱཀྵ། བྱའི་མིག ནུས་པ་བརྒྱ་བ། ཚེ་འཕེལ། སྡིག་པའི་དུག རམ་རྩི། རྩ་རམ་པ། རམ་པ་རྣམས་ཟེར། འཁྲུངས་དཔེར། དཱུར་ཝ་མུ་དང་ཀླུང་ལས་སྐྱེ།། འདབ་མ་ལྗང་བུ་ངར་བ་ཕྲ།། སྙེ་མ་སྨུག་པོ་བོན་ཚེ་འདྲ།། རྩ་བ་ཚིགས་མང་ཁོང་པ་སྟོང་།། ཁྲག་གཅོད་ཀུན་གྱི་གཙོ་བོ་ཡིན།། ཞེས་པ། ཁ་ལུང་སོགས་ལ་རྩ་བ་སྤང་རྒྱུས་ཙམ་ལས་མེད་རུང་། ཀླུང་ཆེན་འགྲམ་རྣམས་སུ་སྐྱེ་བ་འཇག་མ་འདོམ་རེ་ལྷག་ཙམ་ལ་ལྗང་བུ་མདའ་སྨྱུག་གི་ལོ་མ་ཙམ། རྩ་བ་མཛུབ་མོའི་ཕྲ་སྦོམ་འདོམ་གསུམ་བཞི་ཙམ་སྐྱེ་བར་འདུག་ལ། རྒྱ་གར་ནག་ནས་རྩ་བ་ལྕག་ཡུ་ཙམ་ཡོད་པ་ཡོང་བ་རྣམས་ཀྱིས་ཚེའི་རྫས་ཏེ། བཅོམ་ལྡན་འདས་ལ་བྲམ་ཟེ་ཀུནྡ་ལིས་བཀྲ་ཤིས་པའི་རྫས་སུ་ཕུལ་བ་ཡིན་ལ། འདིས་མུ་ཟིའི་དུག་སྦྱོང་བ་དང་། འབུ་སྲིན་སྲོག་ཆགས་དུག་ཅན་ཁོང་དུ་སོང་བའི་དུག་ཞི་བ་དང་། ཆུ་འགགས་འབིགས་པར་བྱེད།
    སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དུར་བ་ནི། ཀླུངས་ཀྱི་ཞིང་མུ་སོགས་ལ་སྐྱེ་བ་འདབ་ལྗང་ངར་ཕྲ་སྙེ་མ་སྨུག་རིང་རྩ་བ་ཚིགས་མང་འབྲེལ་བ་དེས་སྲོག་ཆགས་ཁོང་སོང་གསོད་ལ་དེའི་དུག་ཞི་བར་བྱེད་ཅིང་ཆུ་འགགས་འབིགས། དེ་ཆུང་ངུ་སེ་རུ་ཞེས་དེ་མགོ་རྨ་སོགས་ཀྱི་རྨ་ཀུན་ལ་ཕན།
    མཛེས་མཚར་མིག་རྒྱན་ལས། དུར་བ་ནི། རམ་པ། ཚིགས་བརྒྱ་པ། རམ་པའི་སེའུ་ཟེར། རྒྱ་གར་ཀྱི་ཀླུང་ཆེན་འགྲམ་དུ་སྐྱེ་བ་འཇག་མ་འདོམ་རེ་ལྷག་ཙམ་ལྗང་གུ་མདའ་འདྲ་བའི་ལོ་མ་སྨྱུག་ལོ་ཙམ། རྩ་བ་མཛུབ་མོ་ཙམ་སྦོམ་ལ་ཁོང་སྟོང་ཚེའི་རྫས་སུ་ཕུལ་པ་ཡིན། དེའི་རིགས་ཞིང་མུ་སོགས་ལས་སྐྱེ་བ་འདབ་ལྗང་ངར་ཕྲ་སྙེ་མ་སྨུག་རིང་བ་ཁོང་སྟོང་ཚིགས་མང་འབྲེལ་བ་ཆུང་ངུར་སེ་རུ་ཞེས་པས་མགོ་རྨར་ཕན། ཟོར་བའམ་རམ་པའི་ཁ་ལོ་ཞེས་པ་དེ་ཁའི་ལོ་མས་རྩ་ཚད་ཁྲག་ཤོར་ལ་ཕན།

གོང་ངོས། ཡིག་ཆ་མི་འདུག
X