>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

ག་དུར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 8:53:11 ཀློག་གྲངས། 74

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ག་དུར་རིམས་དང་གློ་ཚད་རྩ་ནད་སེལ།། ཞེས་པར། ལྕགས་ཕྲེང་ལས། ལི་ག་དུར་བསིལ་ལ་རྣོ་བ་ཡིན།། ཞེས་དང་། བདུད་རྩི་ཐིགས་པར། ལི་ག་དུར་དྲོ་སྐམ་ཆམ་པ་སེལ།། ཡན་ལག་སྐྲངས་པ་ཁོང་ནས་འཇིབ་ཅིང་སྨིན།། ཞེས་དང་། རང་བྱུང་ཞབས་ཀྱིས། ལི་ག་དུར་གྱིས་དུག་ཐབས་འཇིག། ཅེས་སོ།། མིང་། པ་ཥ་ཎ་བེ་ཏ།། ཨུ་པ་ལ་བེ་ཏ།། ཀོ་པི་ཏིངྻ་ན།། ཨསྨ་བེ་ད། ན་ག་ཏི། བཻ་ཛ་ར། སྟོད་ལི་ཟེར། རྒྱ་ནག་ཏུ། མུ་ཏ། བོད་ཀྱིས་ལི་ག་དུར། འཁྲུངས་དཔེར། བསིལ་དྲོད་སྙོམས་པ་ལི་ག་དུར། ལོ་མ་འབྲས་ཀྱི་ལྗང་པ་འདྲ། རྩ་བ་མོན་བུ་སྐམ་པོ་འདྲ། རོ་ནི་ཚ་མངར་དྲི་མ་ཞིམ། རང་གི་ནུས་པས་ཚད་རིམས་དང་།། གློ་ནད་སེལ་ཞིང་སྐྲངས་པ་འདུལ།། ཞེས་སོ།། འདི་ལ་རིགས་གཉིས། མཆོག་ནི་སྟོད་ནས་ཡོང་བའི་ཕྱི་ནག་ལ་གཉེར་མ་ཅན། ནང་དམར་ལ་སྙི་ཞིང་དྲི་མ་ཤིན་ཏུ་ཞིམ་ལ་རོ་ཚ་ལ་བསྐ་བ་ལ་སྟོད་ལི་ཞེས་པས། འདྲ་དཔེར། ག་དུར་བྱ་རོག་པུས་མོ་འདྲ།། ཞེས་པ་དེར་ཡང་རྩ་བ་སྦོམ་ལ་མཁྲེགས་པ་ཕོ། ཕྲ་ལ་སྙི་བ་མོ། དམན་པ་ལྷོ་མོན་དྭགས་ཀོང་སོགས་ནས་འབྱུང་བ་དབྱིབས་པགས་པ་བཅས་སྲོ་ལོ་དམར་པོ་འདྲ་ལ་མཁྲེགས་ཤིང་རོ་བསྐ་བ། གཞན་བོད་ཁམས་ཀྱི་རྟ་མོན་ལ་བྱེད་པ་ནི་ནོར་བ།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། བསིལ་དྲོད་སྙོམས་པའི་ལི་ག་དུར།། ཆུ་ཡི་ནང་ན་སྐྱེས་པ་སྟེ།། ལོ་མ་འབྲས་ཀྱི་ལྗང་བུ་འདྲ།། སྡོང་བུ་རྩ་ཡི་སྡོང་བུ་འདྲ།། རྩ་བ་མོན་བུ་སྐམ་པོ་འདྲ།། རོ་ནི་ཚ་ལ་མངར་བ་ཡིན།། རང་གི་ནུས་པས་ཚད་རིམས་དང་།། གློ་ནད་སེལ་ལ་སྐྲངས་པ་འདུལ།། ཆུ་སེར་ཐམས་ཅད་འདྲེན་པར་བྱེད།།    གཡུ་ཐོག་སྔོ་འབུམ་ལས། གསང་བའི་སྨན་གཅིག་འོད་ལྡན་ནི།། སྡོང་པོ་སེ་བའི་ལྕུག་མ་འདྲ།། ལོ་མ་གླང་མའི་ལོ་མ་འདྲ།། མེ་ཏོག་དམར་པོ་འོད་དུ་ཆེ།། ལི་ག་དུར་ཞེས་མཚན་དུ་གསོལ།། ནད་ངན་སྐྱ་རྦབ་འཇོམས་པའི་མཆོག།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ག་དུར་ཞེས་པ་ལི་ག་དུར་ཕོ་མོ་གཉིས་ཏེ། ཕོ་རིགས་མོན་བུ་སྐམ་པོ་འདྲ་བ་དང་། མོ་རིགས་བྱ་རོག་གི་སུག་པ་འདྲ་བ་གཉིས་ལས། མིང་ནི་ན་ག་ཏི།བཻ་ཛ་ར་ཞེས་པ་སྟེ་ནུས་པ་ཁྱད་མེད། མ་རྙེད་ན་སྤོར་གྱིས་ཚབ་རུང་བར་བཤད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ལི་ག་དུར་མོན་བུ་སྐམ་པོ་འདྲ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ལི་ག་དུར་གྱི་རོ་ནི་ཁ་ལ་མངར།། ཞུ་རྗེས་བསིལ་ལ་རིམས་ནད་གློ་ཚད་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ག་དུར་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས།། རིམས་དང་ཆམ་པ་གློ་ཚད་རྩ་ཚད་སེལ།། ཡན་ལག་སྐྲངས་པ་ཁོང་ནད་འཇིབ་ཅིང་སྨིན།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ག་དུར་ནི། ལི་ག་དུར་ཏེ། སྡོང་པོ་ཆེ་ལ་ལོ་མ་མཐུག་པ་མེ་ཏོག་བྱའི་མཆུ་འདྲ་བ་དངོས་ཀྱི་ནང་དམར་སྐྱ་ཕྱི་ཕོ་རོག་གི་སུག་པོ་འདྲ་ལ་གསོབ་པ། རྩ་བ་རོ་ཁ་མངར་ཅན་ལ་རྨེན་བུ་སྐམ་པོ་འདྲ་བ་ཕྲ་སྦོམ་གྱིས་ཕོ་མོ་འབྱེད་པ་མཆོག་དང་། ཕལ་བ་བོད་སོགས་སུ་སྐྱེ་བ་ལོ་མ་བོང་དཀར་ལ་རྐང་དམར་སྐྱ་མེ་ཏོག་རྒྱ་ཁ་ཅན་ཏེ། དེ་དག་གིས་རིམས་དང་གློ་བའི་ཚད་པ་དང་རྩ་ཚད་སེལ། འདི་ལ་ལས་མེ་ཏོག་རམ་བུ་དང་ལོ་མ་མོན་བུ་འདྲ་བ་རྩ་བ་དཀར་མཁྲེགས་ཤིག་ལ་ངོས་འཛིན་པ་ནོར།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ལི་ག་དུར་ནི། སྨན་བྱ་རོག་རྐང་དུ་གྲགས་པ་ད་ལྟ་སྨན་ཁྲོད་དུ་འབྱུང་བ་སྟེ་ངོས་ཟིན་སླ། རྟ་མོན་དུ་བྱེད་པ་ནི་ཚབ་རུང་ཡིན་མ་གཏོགས་དངོས་མིན། ལ་ལས་སྲོ་ལོ་དམར་པོས་ཚབ་བྱེད་པའང་ཡོད།
     མཛེས་མཚར་མིག་རྒྱན་ལས། ག་དུར་ནི། ལི་ག་དུར། སྟོད་ལི་ཟེར། སྡོང་པོ་ཆེ་ལ་ལོ་མ་མཐུག་འབྲས་ལྗང་འདྲ་བ་མེ་ཏོག་བྱའི་མཆུ་འདྲ་ཞིང་དངོས་གྱི་ནང་དམར་སྐྱ་ཕྱི་ཕོ་རོག་གི་སུག་པོ་འདྲ་གསོབ་པ། རྩ་བ་རོ་ཚ་མངར། རྨེན་བུ་སྐམ་པོ་འདྲ་བ་སྟེ། མཆོག་ནི་སྟོད་ནས་འོང་བ་ཕྱི་ནག་ལ་གཉེར་མ་ཅན། ནང་དམར་སྙི་ཞིང་དྲི་མ་ཤིན་ཏུ་ཞིམ་པ་དང་། ཕལ་བ་བོད་སོགས་སུ་སྐྱེ་བ་ལོ་མ་བོང་དཀར་འདྲ་ལ་རྐང་དམར་སྐྱ་མེ་ཏོག་རྒྱ་ཁ་ཅན་ཏེ། འདི་ལ་མེ་ཏོག་རམ་བུ་དང་ལོ་མ་མོན་བུ་འདྲ་བའི་རྩ་བ་དམར་པོ་ཤིན་ཏུ་མཁྲེགས་པར་འཛིན་པ་ནོར་བར་མེས་པོའི་ཞལ་ལུང་ནས་གསུངས།

གོང་ངོས། ཡིག་ཆ་མི་འདུག
X