//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > འཇམ་རྩུབ་དཔྱད། > ནང་དོན།

ས་བཅད་ལྔ་པ། བྱུག་པའི་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 11:18:40 ཀློག་གྲངས། 45 

འབྲུ་མར་དང་། རྩི་མར། ཚིལ།ཞག་སོགས་སྣུམ་གྱི་རིགས་དང་མུ་ཟི་སོགས་སྨན་ལས་སྦྱར་བའི་ལྡེ་གུའི་རིགས་ཀྱིས་ལུས་སྟོད་སྨད་དང་ཡན་ལག་སོགས་ལ་བསྐུ་ཞིང་བྱུག་པ་དང་མཉེ་བའི་ཐབས་ལ་ཟེར་ཏེ། འདི་ལ་ བྱུག་པའི་བཅོས་རུང་བདང་མི་རུང་བ། བྱུགས་བཅོས་བྱེད་ལུགས། ཕན་ཡོན་དང་རྣམ་པ་བཞི་ཡོད།

དང་པོ། བྱུག་པ་རུང་བའི་ནད།

ལུས་རྩུབ་པ་དང་ཁྲག་དང་ཁུ་བ་ཟད་པ། ལུས་སྟོབས་ཆུང་བ། རྒས་པ། མྱ་ངན་སེམས་ལས་ཆེས་པ། མིག་འགྲིབ་པ། གཉིད་མེད་པ། འབད་རྩོལ་ཆེན་པོའི་བྱ་བས་ལུས་ངལ་ཞིང་དུབ་པ། ཁྱད་པར་རླུང་གི་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ་བ་དང་། པགས་པའི་ནད་འབྲུམ་བུ་ཐོར་པ་སྐྲངས་པ་རྣམས་ལ་ལྡེ་གུ་བྱུག་པར་བྱ་བ་ཡིན་ནོ།།

གཉིས་པ། བྱུག་པ་མི་རུང་བའི་ནད།

མ་ཞུ་བ་དང་། རླུང་ནད་བརླ་རེངས། དབྱིག་དུག ཡི་ག་འཆུས་པ། དམུ་རྫིང་། བད་ཀན་སྨུག་པོའི་ནད་རྣམས་ལ་སྣུམ་བྱུག་སྤང་ངོ་།

གསུམ་པ། བྱུག་པ་བྱེད་ལུགས།

བྱུག་པ་བྱེད་ལུགས་ལ་སྣུམ་རིགས་ཀྱི་བྱུག་པ་དང་།ལྡེ་གུའི་བྱུག་པ་གཉིས་ཡོད།

སྣུམ་རིགས་ཀྱི་བྱུག་པ་བྱེད་ལུགས།

སྣུམ་བྱུག་བཅུ་བཞི། སྡུད་སྒོ་དང་ཚིགས་པ་དྲུག་བདུན་རྐང་ལག་གི་མཐིལ་བཞི་ལ་མིའི་ཚིལ་རྐང་རུས་སོགས་ཀྱི་ཞུན་ཆེན་བྱུགས་ལ་མཉེ་ཞིང་ཕུར་ཏེ་སྐམ་ནས་ཕྱེས་ཕྱི་དགོས་ཏེ། དེས་ནི་སྙིང་རླུང་འདྲེ་ཆགས་པ་ཞེས་ལག་པའི་སོར་མོའི་རྗེས་ཀྱི་རྣམ་པའི་ཐོར་པ་དམར་ཙག་དང་གདོན་ཅན་གྱི་རིགས་འབྲས་ནད་རྣམས་འཇོམས་པར་བྱེད་ཅིང་། དེ་ཡང་བསྐུ་མཉེ་ཀུན་ལ་བྱུག་མཉེ་ཕྱི་གསུམ་བྱ་དགོས་ཤིང་། པད་ཀ་སོགས་ལ་བཟོས་པའི་འབྲུ་མར་གྱི་བྱུག་པ་ནི་ཆོ་ག་དེ་བཞིན་དུ་བྱས་པས་གཉིད་མེད་ཀྱི་རླུང་འཇོམས་པར་འགྱུར་ལ། བློ་རྣོ་ཞིང་དྲན་པ་གསལ་བར་འདོད་པ་ལ་རྩི་མར་གསར་འཇམ་གྱི་ཞུན་མར་བྱུགཤིང་སྨྱོ་འབོག་དང་བརྒྱལ་བའི་ནད་ཅན་ལ་ལོ་ལོན་པའི་མར་རྙིང་པ་བྱུགས་པ་དང་། ཆུ་སེར་ཟ་འཕྲུག་ལ་རྟ་རྐྱང་བོང་བུའི་ཚིལ་བུ་བྱུག མཁལ་མ་གུད་ཅིང་ཉམ་ཆུང་བས་ས་བོན་འཛག་པ་ལ་སྲམ་མམ་ད་བྱིད་ཀྱི་ཚིལ་བུ་རྐེད་པའི་ཚིགས་ལ་བྱུགས་པ་དང་། ཤིག་དང་སྲོ་མ་མང་བ་ལ་རི་དྭགས་ཤ་བའི་ཚིལ་བུ་བྱུག ཁྱིས་རྨུགས་པའི་རྨ་རེད་པ་སྟེ་འདུ་བས་རེད་པ་དང་། ཟས་སྤྱོད་ཀྱིས་རེད་པ་འདི་དྲག་ཏུ་མི་འདོད་པ་ལ་ཁྱིའི་ཚིལ་བུ་བྱུག་པ་དང་། གླང་ཤུ་ཞེས་པགས་མདོག་སྐྱ་བོ་སེང་སེང་པོ་ལ་གཞིགས་ན་འབྲུམ་ཆུང་སྐྱ་གསོབ་ཡོད་པ་མཆེད་པར་བྱེད་པ་བས་ལྡགས་ཀྱང་ཟེར་བར་ཕག་ཚིལ་ལ་མུ་ཟི་ནག་པོ་སྦྱར་བ་བྱུག་པ་དང་། གདོང་པའི་འབྲུམ་ཤུལ་མེད་པར་བྱེད་ན་ར་ཚིལ་ལ་འབྲི་མོག་སྦྱར་བ་བྱུག ཤུ་བ་དང་རྨ་རྒན་ལ་ཙནྡན་མར་ཁུ་ནི་ཟངས་ལྟ་བུའི་སྣོད་དུ་ཙནྡན་དཀར་པོ་སྲང་གསུམ དམར་པོ་སྲང་དྲུག སེང་ལྡེང་སྲང་བཅུ ཤུག་པ་དྲི་ལྡན་སྲང་བཅོ་ལྔ་རྣམས་གཞོགས་པའི་ཕྱེ་མ་བ་དམར་ཟལ་གྱི་མར་ཉག་བཅུ་བཞི་བཞུ་བར་བཏབ། མེ་ཚ་གྲང་རན་པས་ཚོས་ཚད་ཕྱི་ནང་ཁྱད་མེད་དུ་མར་ཁུས་ཚོས་པ་དང་བསྟུན་ཁུ་བ་དང་དབྱེ་བ་ཕྱེ་བའི་ཕྱེ་མ་ཁོག་མའི་ནང་དུ་བསགས་པའི་ཁུ་བ་རྣམས་ཕར་ཕུད་པ་དེ་གོང་གི་རུས་སྣ་བཟོ་བ་བཞིན་གྱིས་བྱུག་པ་དང་། མིག་འགྲིབས་པ་ལ་བྱ་རྒོད་དང་ཕག་པའི་ཚིལ་བུའམ་འབྲི་མར་ལ་གོ་སྙོད་སྦྱར་བ་རྐང་མཐིལ་དུ་བྱུག རླུང་ནད་རུས་པར་ཞུགས་པའི་གཏིང་ནས་ལྷང་ལྷང་ན་བ་ལ་བཅའ་སྒ་འབྲུ་མར་ལ་སྦྱར་བའི་བྱུག་པ་དང་། ཚ་བས་གཉིད་ཉིན་མཚན་གཉིས་ཀ་ཡེར་ཏེ་མེད་ན་གླ་རྩི་དང་མར་དཀར་སྦྱར་བ་མགོ་ལུས་གཉིས་ཀར་བྱུག་གོ།

༢ ལྡེ་གུའི་བྱུག་པ་བྱེད་ལུགས།

ལྡེ་གུའི་བྱུག་པ་བཅུ་བཞི། མུ་ཟི་སེར་པོ་དང་། མུ་ཟི་ནག་པོ། ར་དུག་པ མི་དང་ཁྱིའི་བྲུན ཤུ་དག་ནག་པོ རྭ་གང་བྱུང་གི་གཞོབ་རྣམས་དྲི་ཆུ་དང་སྦྱར་བའི་བྱུག་པས་ལྷོག་པ་འཇོམས་པ་དང་། མུ་ཟི་སེར་པོ ལན་ཚྭ ཕབས དུ་པ་རལ་པ་རྣམས་མར་རྙིང་དང་སྦྱར་བའི་ལྡེ་གུ་བྱུག་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་སེལ་བར་བྱེད། བྱི་བའི་བྲུན་དང་། གསེར་རྡོ མིའི་ནུ་ཞོ་སོགས་སྦྱར་བའི་བྱུགས་པས་རྣག་སྣ་འདྲེན་ཅིང་རྣག་མེད་པར་སྐྲངས་པའི་ཟུག་གཟེར་གཅོག་པར་བྱེད། སྲད་དཀར་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང་། རྟ་བོང་གི་འོ་མ་སྦྱར་བ་བྱུགས་པས་རྨ་རྒན་རྣག་འཛག་ཅིང་འབྲས་ཐབས་སུ་སོང་བ་སེལ། ཏིལ་དཀར་ནག་གི་ཕྱེ་མར་ཆུ་ཁུར་བཏབ་པ་བསྐོལ་ཏེ་བྱུགས་པས་དྲེག་ནད་སེལ་བ་དང་། ཤུ་དག་ནག་པོ སོ་མ་ར་ཛ འབྲས་བུ་ཨ་བར་སྐྱུར་གསུམ སླེ་ཏྲེས། བའི་ལྕི་བ ས་མྱགས་ཏེ་ཀོ་མོག་བསྐམས་ཤུལ་གྱི་ས་རྩི་རྣམས་སྦྱར་བ་བྱུགས་པས་ཚ་བས་སྐྲངས་པ་སེལ། ཁང་པར་ཆགས་པའི་དུད་པ ཡུང་བ་སེར་པོ སྐྱེར་པ རུ་རྟ དུག་མོ་ཉུང་རྣམས་དར་བ་དང་སྦྱར་བའི་བྱུགས་པས་ཤུ་ཐོར་གདོང་བའི་ངོ་ཁབ་ཁྱེ་མ་པགས་ནད་རྣམས་སེལ། ཡུངས་ཀར ཤུ་དག་ནག་པོ རྒྱམ་ཚ སེང་ཕྲོམ་མམ་ཞུ་མཁན་རྣམས་ཀྱི་ཕྱེ་མ་ཆུའམ་བ་ཆུ་སྦྱར་བས་གདོང་བཀྲུ་ཞིང་བྱུགས་པས་ངོ་ཁབ་ཁྱེ་མ་འབྲུམ་ཐོར་སོགས་སེལ། འོམ་བུ ཨ་རུ་ར དྲི་ཆུ་རྣམས་སྦྱར་བའི་བྱུགས་པས་དུག་ནད་ཀྱིས་ཡན་ལག་སྐྲངས་པ་སེལ། ཙནྡན་དམར་པོ ཀྱི་ལྕེ་དཀར་པོ ཧོང་ལེན་སོགས་གངས་ཆུ་དང་སྦྱར་བའི་བྱུགས་པས་ཁྲག་གཟེར་དང་པགས་ནད་ཀྱི་རིགས་ཚ་བ་དང་གཉན་མེ་དབལ་སེལ། སྐྱུ་རུ་ར་དང་ཨུཏྦལ་སྔོན་པོ་གཉིས་མར་གསར་ལ་སྦྱར་བ་ལུས་ཀུན་ལ་བྱུགས་པས་རྔུལ་བ་མི་སྐམས་པར་འབྱམས་པ་དང་རིམས་ནད་སོགས་ཚ་བ་ཕྱིར་ཤོར་བ་སེལ། དུད་པ་རལ་བ་དང་། རུ་རྟ ཆུ་རྩ རེ་ལྕག་པ་བཅས་བསྲེགས་པའི་ཐལ་བ ལན་ཚྭ ཕབས་ཏེ་ཆང་རྩི་རྣམས་ཟོ་མདོང་ལ་ཆགས་པའི་མར་དང་སྦྱར་བ་བྱུགས་པས་ལྐོག་ཤུ་དང་ཟ་འཕྲུག་སེལ། སྦྲུལ་ནག་ལྷོ་མོན་ནས་འབྱུང་བའི་པགས་པ་དུ་བ་མ་ཤོར་བར་བསྲེགས་པ་དང་། ཕག་པའི་ཚིལ་བུ་སྦྱར་ཏེ་བྱུགས་པས་ཤ་བཀྲ་དང་བས་ལྡགས་སོགས་པགས་ནད་སེལ། སྔོན་བུ་དང་སྲུབ་ཀ་ཞོ་དང་སྦྱར་ཏེ་བྱུགས་པས་ཟ་འཕྲུག་སེལ་བར་བྱེད་དོ།།

བཞི་པ། བྱུག་བཅོས་ཀྱི་ཕན་ཡོན།

ཕན་ཡོན་ནི་གོང་དུ་བཤད་པའི་ནད་དེ་རྣམས་སེལ་ལ ཚེ་རིང་ཞིང་མིག་ལ་སོགས་པའི་དབང་པོ་རྣམས་སྔར་ལས་སྟོབས་ལྡན་དུ་གྱུར་བས་གསལ་བར་འགྱུར་རོ།།


X