//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > འཇམ་རྩུབ་དཔྱད། > ནང་དོན།

ས་བཅད་བཞི་པ། ལུམས་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 11:16:45 ཀློག་གྲངས། 28 

སྨན་གྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་རྩ་རྒྱུས་རེངས་འཁུམས་རྣམས་བསྲང་བར་བྱེད་པའི་བཅོས་ཐབས་ཤིག་སྟེ། འདི་ལ་ལུམས་རུང་བ་དང་། མི་རུང་བ། ལུམས་ཀྱི་བྱེད་ལུགས། ཕན་ཡོན་བཅས་རྣམ་པ་བཞི་ཡོད།

དང་པོ། ལུམས་བཅོས་རུང་བའི་ནད།

ཡན་ལག་རེངས་པ་འཁུམས་པ་ཞ་བ་དང་། འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས་པ བུད་མེད་ཀྱི་ཚབས་ནད། རྐེད་པ་སྒུར་པོ ཤ་རུས་ལ་ཆུ་སེར་གཡོས་པ ཁྱད་པར་རླུང་གི་ནད་ཀུན་ལ་བསྔགས་སོ།།

གཉིས་པ། ལུམས་བཅོས་མི་རུང་བའི་ནད།

ནད་གཞིས་མི་རུང་བ་རིམས་འཁྲུགས་སོགས་ཚ་བ་རྒྱས་པ སྐྱ་རྦབ ཉམ་ཆུང་བ དང་ག་འགགས་པ་རྣམས་ལ་སྤང་ཞིང ་། གནས་ཀྱིས་མི་རུང་བ་མིག་དང་། མཁུར་ཚོས། དྲེག་བཞི་སྟེ་རྐང་པའི་མཐེ་བོང་གཉིས་དང་། ལག་པའི་གྲུ་མོ་བཅས་བཞི་དང་། རླིག་པ་དང་ལྟོ་བ་དང་སྙིང་གའི་གནས་རྣམས་སུ་ལུམས་མི་རུང་ངོ་།།

གསུམ་པ། ལུམས་བཅོས་བྱེད་ལུགས།

ལུམས་བཅོས་བྱེད་ལུགས་ལ་ཕར་ཞུགས་པ་ཆུ་ལུམས་དང་། ལུས་ལ་ཚུར་བཅིངས་པ་བཅིང་ལུམས་རྣམ་པ་གཉིས་ཡོད།

ཆུལུམས

ཆུ་ལུམས་ལ་རང་བྱུང་གི་ཆུ་ལུམས་དང་། བཅོས་མའི་ཆུ་ལུམས་བཅས་རྣམ་པགཉིས་ཡོད།

རང་བྱུང་གི་ཆུ་ལུམས། སེམས་ཅན་སྤྱི་མཐུན་གྱི་ལས་དང་སངས་རྒྱས་བྱང་སེམས་ཀྱི་སྙིང་རྗེ་སྨོན་ལམ་གྱི་མཐུ་ལས་གྲུབ་པའི་ཆུ་ཚན་རིགས་ལྔ་པོ་ནད་དང་སྦྱར་བའི་ནང་དུ་ཞུགས་པ་ནི་གཙོ་བོ་ཡིན་ལ། དེས་ནི་འགྲམས་ཚད་དང་དུག་རོ་ཚད་རྙིང་བྱེར་ཞིང་ཞེན་པ། འབྲས་ཀྱི་རིགས། རྨ་རྒནསུར་ཡ། རྩ་ནད་ཀྱི་རིགས་ཕལ་ཆེར ཡན་ལག་རེངས་པ་དང་འཁུམས་པ སྒུར་པོ ཤ་སྐམ་པ་སོགས་ནད་རོ་རྣམས་རྙིང་པ་གདོན་ཞིང་ཕན་པར་བྱེད་དོ།།

བཅོས་མའི་ལུམས། ཆུ་ཚན་དེ་མ་འགྲུབ་ན་བ་ལུ། ཤུག་པ། མཚེ། འོམ་བུ། མཁན་སྐྱ་སྟེ་རིམ་པ་བཞིན་མི། ལྷ། བཙན། ཀླུ། སྡེ་བརྒྱད་ཀྱི་བདུད་རྩི་ཞེས་པའམ། ཡང་ན་རིམ་བཞིན་སྤང་ ཉིན སྲིབས ཆུ སའི་བདུད་རྩི་སྟེ་བདུད་རྩི་ལྔར་གྲགས་པ་དེ་ཟངས་སོགས་སུ་བཙོས་ལ་སྣོད་ཀྱི་ཁར་རས་ལྡིང་གིས་བཏིང་བ་དེའི་སྟེང་ནད་པ་བཞག་ནས་གསོ་བ་རླངས་ལུམས་དང་།བདུད་རྩི་ལྔ་པོ་དེའི་སྨན་ཁུ་ཚན་མོའམ་ཆུ་ཚན་དེའི་ནང་དུ་ལུས་ཞུགས་ནས་གསོ་བ་ཆུ་ལུམས་ཏེ་ཕན་ཡོན་གོང་བཞིན་འགྲུབ་པར་འགྱུར་ཏེ་སྨན་རྒྱུའི་ངོ་བོ་གཅིག་ལ་ལས་ཀྱི་དབང་གིས་རླངས་ལུམས་དང་ཆུ་ལུམས་རྣམ་པ་གཉིས་སུ་བྱུང་བ་ཡིན་ནོ།།

རུས་ལུམས། མི་རུས་བཙའ་མ་ཆུ་ལ་ཚོས་པར་བཙོས་པའི་རླངས་ལུམས་གོང་བཞིན་བྱ་བ་དང་། དེའི་ཆུ་ཚན་གྱིས་ཚ་བའི་རིམས་རླུང་དང་ལྡན་པའམ་ཆུ་སེར་ཚ་བ་རེངས་པ་རླུང་ལྡན་དང་འགྲམས་པའི་ཟུག་གཟེར་འཇོམས་སོ།

མཁན་པའི་ཆུ་ལུམས། མཁན་པ་བུལ་ཏོག་ཕབས་རྣམས་སྦྱར་ཏེ་བསྐོལ་བའི་ཆུ་ལུམས་ཀྱིས་རྨ་རྒན་སྐྲངས་པ་དང་། ཡན་ལག་ཞ་བ་རེངས་པ་སོགས་སེལ་བར་བྱེད་དོ།།

བཅིང་ལུམས།

བཅིངས་ལུམས་་ཚ་སེལ་གྱི་ལུམས་དང་གྲངས་སེལ་གྱི་ལུམས་རྣམ་པ་གཉིས་ཡོད

ཚ་སེལ་གྱི་ལུམས་བརྒྱད། མགོ་ཆག་རྩ་བྱེར་གྱི་ནད་ལ་ནས། གྲོ། འབྲས། སྲན་མ། སོ། ཏིལ། བྲ་བོ། སྲན་ཆུང་སོགས་འབྲུ་སྣ་ཐམས་ཅད་རྗེན་བཏགས་བྱས་པ། ཏིལ་མར་རམ་འབྲུ་མར་རྙིང་པ་ལ་སྦྱར་བའི་ཟན་དྲོན་གྱི་ལུམས་མགོ་བོའི་སྐྲ་བཞར་ལ་ཞྭ་མོ་ལྟར་གཡོགས་པ་ཞག་འགའ་བྱས་པས་ཆུ་སེར་དེ་འདུས་ནས་སྐྲངས་པ་འབྱུང་ཞིང་། དེ་ནས་འཇིབ་རུ་བཙུགས་ནས་ཁྲག་ངན་ཆུ་སེར་ཅི་ཐོན་ཐོན་དབྱུང་བ་དང་། ཀྱི་ལྕེ་དཀར་པོ་མཛོ་རོག་གི་ལྕི་བ་ཞོ་དང་སྦྱར་བའི་ལུམས་ཀྱིས་ཚ་བའི་སྐྲངས་པ་འཇོམས་ལ། ཚ་བ་རྩ་ལ་བྱེར་ན་དུགས་མ་གཏོགས་པའི་མེ་ཏོག་སྣ་ཚོགས་གདུས་པའི་ལུམས་ཀྱིས་གདུལ་བ་དང་། རྩ་དཀར་གཟའ་ཕོག་པ་མཁལ་རྩ་འགྲམས་པ་དང་བྱེར་བ་རྣམས་ལ་གོང་དུ་བཤད་པའི་བདུད་རྩི་ལྔ་ལུམས་སམ་ཡང་ན་གླ་རིལ་ཕྱེ་མར་བྱས་པ་ཆང་ནང་དུ་བཙོས་པའི་ལུམས་བྱ་ཞིང་། རྩ་འགྲམས་པ་དང་སྐྲངས་པོ་རྩ་རྒྱུས་རེངས་པ་རྣམས་ལ་མཁན་དཀར་སྤྲུ་མ་མཚེ་ལྡུམ་སྤང་སྤོས་རྣམས་ཀྱི་ཕྱེ་མ་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུལ། ཚད་པ་རྙོག་པ་དང་བྱེར་བ་ལ་གཡའ་ཚན་དང་སྲོ་ལོ་དཀར་པོའི་ལུམས་བྱ་ཞིང་། མཛེ་དང་དུག་གམ ཁ་ཅིག་སྦྱར་དུག་མཛེ་ཕོའི་ཤ་ཁྲག་བསྲེས་ནས་བཏང་བ་ནད་ཀྱི་ངོ་བོ་དུག་ཡིན་ཀྱང་རྟགས་མཛེ་ནད་དུ་སྟོན་པ་ཞིག་ཡིན་གསུང་བ་ལ། རའི་རིལ་མ་དང་གླ་རྩི་སྡོམ་ལྡན་ནམ་ལོ་བརྒྱད་པའི་དྲི་ཆུས་ཁུ་བ་བྱས་པའི་ལུམས་དང་། རིན་པོ་ཆེ་དབྱིག་གི་དུག་ལ་མཆོད་རྟེན་ལ་གསོལ་བའི་ས་དཀར་གྱི་ན་བཟའ་དང་། ཐལ་ལུད་ཡོད་པའམ་དྲི་ཆུའི་རྫིང་སོགས་བ་ཚ་ཡོད་པའི་ནང་ནས་ཐུར་དུ་ཁྲུ་གང་བརྐོས་པའི་འོག་གི་ས་དྲི་ཆུར་བཙོས་པའི་ལུམས་བྱའོ།།      

X