//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > འཇམ་རྩུབ་དཔྱད། > ནང་དོན།

ས་བཅད་གསུམ་པ། དུགས་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 11:15:04 ཀློག་གྲངས། 23 

ནད་རང་རང་ལ་ཕན་པའི་རྫས་གང་ཞིག་ནད་དམིགས་སྟེང་དུ་སྦྱར་བ་ལ་དུགས་ཟེར་ལ། འདི་ལ་དུགས་རུང་བ་དང་། མི་རུང་བ། དུགས་བཅོས་བྱེད་ལུགས། ཕན་ཡོན་བཅས་རྣམ་པ་བཞི་ཡོད།

དང་པོ། དུགས་བཅོས་རུང་བའི་ནད།

བད་རླུང་དང་མ་ཞུ་བ གླང་ཐབས ཆུ་སེར་ཁྲག་འཁྱགས་པ ཚད་པའི་གཟེར་རྣམས་ལ་བསྟེན་དུ་རུང་ཞིང་ཕན་པར་འགྱུར་རོ།།

གཉིས་པ། དུགས་བཅོས་མི་རུང་བའི་ནད།

བད་ཀན་སྐྱ་རྦབ་དང་། མཁྲིས་པ་ཀྵ་ཡ་ནག་པོ། བལ་ནད། མཛེ་དུག དམུ་ཆུ་ནག་པོ། ཚོ་ཆེས་པ འབྲུམ་ཐོར ཟས་ཟོས་པའི་རྗེས་རྣམས་ལ་སྤང་ངོ་།།

གསུམ་པ། དུགས་བཅོས་བྱེད་ལུགས།

དུགས་བཅོས་བྱེད་ལུགས་ལ་བསིལ་དུགས་བཅུ་གཅིག་དང་དྲོད་དུགས་བཅུ་དགུའི་བྱེད་ལུགས་བཅས་སུམ་ཅུ་ཡོད།

བསིལ་དུགས་བཅུ་གཅིག

འགྲམས་དང་འཁྲུགས་དང་ཚ་བས་གཟེར་བ་རྣམས་ལ་ཐོ་རངས་སྐར་མ་མ་གྱེས་གོང་དུ་བླངས་པའི་ཆུས་བརྡེག་གམ་ཡང་ན་ཆུ་དེ་གྲོད་པར་བླུགས་པས་བདུག རིམས་འཁྲུགས་དང་ཚ་བ་བྱེར་བ་དང་རྙིངས་པ་རྣམས་ལ་སྐར་ཆུས་བྲན་པ་དང་། མིག་ལ་མཚོན་སོགས་ཕོག་པས་བཙན་ཐབས་སུ་སྐྲངས་པ་ལ་ཆུ་གྲོད་པར་བླུགས་པས་བདུག ཤ་དུགས་གིས་གྲེ་བ་འགགས་ཤིང་ཚ་བ་ལ་བོང་ང་དཀར་པོའི་ཕྱེ་མ་གངས་ཆུ་དང་སྦྱར་བས་གྲོད་པ་བཀང་ལ་བདུག རྒྱུ་གཟེར་ལ་བོང་ང་དཀར་པོ་དང་ཞུ་མཁན་སྐར་ཆུ་དང་སྦྱར་ཏེ་བདུག ཁྲག་མཁྲིས་དང་ཚ་བའི་གླང་ཐབས་ལ་ཆུ་རྡོ་གྲང་མོས་བདུག ཚད་གཟེར་ལ་ཆུ་རྡོ་དང་བྱང་མའི་རྨོས་ལྕགས་སོགས་ཀྱིས་བདུག་ཅིང་། ཡང་ན་གཡའ་ཚན་དང་ཞོ་སྦྱར་བའི་གྲང་མོས་བདུག སྣ་ཁྲག་མ་ཆོད་ན་སྐར་ཆུ་དང་འདག་པ་ནག་པོ་ཞེས་ཀོ་མོག་ཆུ་ཡོད་པའི་གཏིང་གི་རྫབ་ནག་པོ་དེ་སྨིན་དབྲག་དང་ལྟག་ཁུང་དུ་བདུག སོའི་ཁྲག་ཚད་དང་རླུང་གིས་སྐྲངས་པ་ལ་ཆུ་གཡས་འཁྱིལ་གྱི་ནང་གི་འདག་པས་བདུག དྲེག་ནད་ཚ་འབྲབ་བྱེད་པ་ལ་སླེ་ཏྲེས་ཕྱེ་མ་དང་བ་ལྕི་སྦྱར་བས་བདུག་གོ།

དྲོད་དུགས་བཅུ་དགུ

མ་ཞུ་བ་དང་གླང་ཐབས་ལ་ལན་ཚྭ་སླ་ངའི་ནང་དུ་མེར་བསྲོས་ཏེ་རས་ལ་གཏུམས་པས་བདུག་པ་དང་། མཚོན་ཁྲག་ཁོང་དུ་འཁྱིལ་བ་འཁྱགས་པ་ལ་ཆུ་ནང་གི་རྡེའུ་མེ་ལ་བསྲོས་པས་བདུག མཆིན་ཁྲག་འཁྱགས་པ་ལ་གྲོག་ཞིང་ཞེས་རྩིག་པའམ་གྱང་རྙིང་པ་ལ་ཆར་ཕོག་པས་སྤང་གི་རྣམ་པ་འདྲ་བར་ཆགས་པ་ས་དང་མ་འདྲེས་པ་དེ་བསྲོས་པ་དང་ཡོས་ཀྱིས་བདུག མཁལ་མ་གྲང་གཟེར་གྱིས་ཆུ་སྲི་བ་ལ་སྦང་མ་སྐམ་པོ་བསྲོས་པ་རས་སོགས་ལ་གཏུམས་པས་བདུག བུ་བཙས་རྗེས་རྒྱུ་ཞབས་དང་ཚང་ར་མཁལ་རྐེད་སོགས་གཟེར་བ་ལ་བྱི་ཁུང་ཁ་ཤར་དུ་བལྟ་བའི་སྒོ་རྩར་སྤུངས་པའི་ས་ལ་ཆང་གིས་བྲན་ཏེ་མེ་ལ་བསྲོས་པས་བདུག སྨུག་པོ་འཐབས་པའི་གླང་ཐབས་ལ་བྲག་སྐྱ་ཧ་བོ་དང་ཆུ་ལོ་ཞུ་མཁན་རྣམས་ཆུར་སྦངས་ཤིང་བཙོས་པས་བདུག་ལ། དེས་ནི་དུག་དང་ཁྲག་ངན་ཕོ་བར་ལྷུངས་པ་འཇོམས་པར་བྱེད། མ་ཞུ་གྲང་སྐྲན་ལ་ཕུག་རོན་གྱི་བྲུན་མེར་བསྲོས་པས་བདུག་ཅིང་། གྲང་ནད་ལངས་པ་ལ་སོ་ཕག་དང་རྫ་མའི་དུམ་བུ་མེ་ལ་བསྲོས་པས་བདུག སྲིན་གྱི་གླང་ཐབས་ལ་སྤྲུ་མ་དཀར་པོའི་རྩ་བ་དང་ལོ་མ་བསྲོས་པས་བདུག གཞང་སྲིན་ལ་ཕུར་མོ་དང་རྟ་སྦངས་བསྲོས་པས་བདུག་ཅིང་། གྲང་བས་གཞང་ལུག་པ་ལ་ཆང་ངམ་འོ་མ་འཇམ་ཙམ་བསྲོས་པས་བཀྲུས་ལ་སེན་མོ་བྲེགས་ནས་འཇམ་བླངས་ཏེ་མཛུབ་མོས་ཕུ་དུང་སློག་པ་ལྟར་གཞུག་ལ་སྣུམ་གྱི་ཀོང་བུ་མེར་བསྲོས་པས་བདུག་གོ། རླུང་གཟེར་ལ་ཕྱིང་པ་སྣུམ་ལྡན་བསྲོས་པའི་སྟེང་དུ་ཆུ་ནང་གི་རྡོ་བསྲོས་པས་བདུག མཁལ་རྐེད་ཀྱི་གྲང་བ་ལ་གཡི་དང་སྤྱང་ཀིའི་པགས་པའི་སྤུ་དུགས་བསྟེན་པ་དང་། ཕོ་བ་དང་རྒྱུ་ལོང་གི་གྲང་བ་ལ་ལག་པའི་མཐིལ་དྲོད་ཕབ་པས་བདུག་ཅིང་ཚིགས་སུལ་དུ་ཆུ་སེར་བབས་པ་ལ་ཤག་མ་སྟོང་པའི་ཡུལ་སྐད་དེ་རྡེའུ་ནས་ཙམ་ལ་ཆང་བྲན་ཏེ་བསྲོས་པ་དང་། ཡང་ན་བྱེ་མ་དང་ཚ་ཅུང་ཟད་བསྲེས་པ་ཆང་ངམ་བ་ཆུས་བྲན་ཏེ་བཙོས་པས་བདུག ཡང་ན་སྦང་མ་སྐམ་པོ་དང་སྔར་བཤད་པའི་གྲོག་ཞིང་མེ་ལ་བསྲོས་པས་བདུག་གོ། གྲང་བས་ཆུ་འགགས་ན་འབའ་ཆ་དང་བྱ་བྲ་ཞེས་ཕུག་རོན་གྱི་བྲུན་གྱིས་བདུག སྟོང་ཚད་དང་རླུང་གཟེར་ལ་འཁར་གོང་འདྲེས་ཡོད་པའི་སྲིན་ཅན་དང་རུས་རྙིང་ཆང་གིས་བྲན་ལ་མེར་བསྲོས་པས་བདུག། ཡན་ལག་གི་ཆུ་སེར་ལ་ལུག་གི་རིལ་མ་ཆང་གིས་བྲན་ཏེ་བསྲོས་པས་བདུག་གོ།

བཞི་པ། དུགས་བཅོས་ཀྱི་ཕན་ཡོན།

ནད་ཟུག་འཕྲལ་དུ་གཅོག་པས་ན་དཔྱད་ཀྱི་མཆོག་དུགས་སུ་བཤད་པ་ཡིན་ནོ།།


X