//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > འཇམ་རྩུབ་དཔྱད། > ནང་དོན།

ས་བཅད་གཉིས་པ། མེ་བཙའི་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 11:11:21 ཀློག་གྲངས། 66 

ལུས་ཀྱི་མེ་དམིགས་ཀྱི་སྟེང་དུ་སྤྲ་མེ་སོགས་བཞག་ནས་གྲང་བའི་ནད་གཙོ་བོར་གསོ་བའི་བཅོས་ཐབས་ཤིག་སྟེ། འདི་ལ་སྤྲ་བ་དང་། རུང་མི་རུང་། མེ་དམིགས། གདབ་ཐབས། ཕྱི་རྗེས་བཅད་པ། ཕན་ཡོན་དང་བཅས་དྲུགཡོད།

དང་པོ། སྤྲ་བ།

སྤྲ་བ་ལ་བཏུ་དུས་དང་། བཟོ་ལུགས། སྤྱོད་ཚད་བཅས་གསུམ་ཡོད།

སྤྲ་བ་བཏུ་དུས།

སྟོན་ཟླ་སྟེ་གྲོ་བཞིན་ཁྲུམས་སྟོད་དབྱུག་པ་གསུམ་གྱི་དུས་བཟང་པོ་ཚེས་བརྒྱད་ལ་སོགས་པར་བཏུས་ནས་ལེགས་པར་སྐམ་དགོས།

སྤྲ་བ་བཟོ་ལུགས།

སྤྲ་བ་དེ་ལེགས་པར་སྐམ་རྗེས་སྣ་མ་ཆད་པ་སྤྲ་ཤིག་དང་ཐལ་རྡུལ་མེད་པར་བརྡུངས་ལ་མཁྲེགས་པར་དྲིལ། དབྱིབས་རྩ་བ་བརྟན་ཞིང་ཟླུམ་པོ་རྩེ་མོ་ཕྲ་ལ་རྣོ་བས་མེ་ལེན་པ་མྱུར་བའི་དགོས་པ་ཡོད་པས་དེ་ལྟར་དུ་བཟོ་དགོས།

སྤྲ་བ་སྤྱོད་ཚད།

གནས་དང་ནད་གཞི་མི་འདྲ་བར་གཞིགས་ཏེ་སྤྲ་བའི་སྤྱོད་ཚད་ཀྱང་མི་འདྲ་བ་ལས།ཆེ་ཆུང་གི་ཚད་ནི་རྒྱབ་ཀྱི་ཚིགས་པའི་མཁར་ལ་མཛུབ་མོའི་རྩེ་མོ་ཙམ། མགོ་དང་ཡན་ལག་དང་ལུས་ཀྱི་མདུན་རྣམས་ལ་ནི་མཐེབ་ཆུང་གི་རྩེ་ཙམ། རྩ་སྒོ་འགེགས་པ་ལ་ཟླུམ་པོ་མི་བྱེད་པ་ལེབ་མོ་རིལ་མ་ཙམ། འབྲས་དང་སྐྲན་ནད་ལ་ཨ་རུ་ར་ཙམ་བྱ་ཞིང་། བྱིས་པའི་ལྷེན་སྣར་ནི་སྲན་མ་བཙོས་ནས་འཕོས་པ་ཙམ་བྱའོ།།

གཉིས་པ། མེ་བཙའ་རུང་མིན་གྱི་ནད་གཞི།

མེ་བཙའ་རུང་བའི་ནད

མ་ཞུ་བ་དང་། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ། སྐྲན། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར འབྲས། ལྷོག་པ། སྟོངས་པའི་ཚ་བ། སྨྱོ་བྱེད་དང་བརྗེད་བྱེད་ཀྱི་གདོན། རྩ་ནད་ཐམས་ཅད་དང་། ཚ་བའི་རྗེས་ཕལ་ཆེར་ལ་མེ་ཡིས་བཅོས་པ་སྟེ། མདོར་ན་བད་ཀན་དང་རླུང་ལས་གྱུར་པའི་གྲང་བའི་ནད་རིགས་ཀུན་དང་། ཁྱད་པར་རྩ་ནད་ཆུ་སེར་ཐམས་ཅད་མེས་བསྲེག་པར་བསྔགས་སོ།།

མེ་བཙའ་མི་རུང་བའི་ནད།

མཁྲིས་ཚད་དང་ཁྲག་ནད་ཐམས་ཅད། དབང་པོའི་སྒོ། ཕོ་མོའི་སྲིད་རྩར་སྤང་ཞེས་ཕོ་མོའི་སྲིད་རྩ་མཚན་དབྲག་ཏུ་རྩ་གསུམ་འོང་བའི་དབུས་ཆུ་རྩ་གཡས་སྲོག་རྩ་གཡོན་སྲིད་རྩ་རྒྱུ་བ་དེ་དང་། གཞན་ཡང་ཟིན་ཏིག་ལས་སྤུ་ན་གུའི་གསེབ་གོང་དེའི་སྟེང་ན་རྩ་འགུལ་བ་ཞིག་མཆིས་ཏེ། དེར་བསྲེགས་ན་ཕོ་མཚན་ལྡང་མི་ནུས་ཏེ་མི་བསྲེག་གོ།

གསུམ་པ། མེ་དམིགས།

མེ་དམིགས་་ནད་ཀྱིས་ཚུར་བསྟན་པ་དང་། སྨན་པས་ཕར་བཙལ་བ་གཉིས་ཡོད།

ནད་ཀྱིས་ཚུར་བསྟན་པའི་མེ་དམིགས།

མེ་བཙའ་རྒྱག་པའི་དམིགས་ནད་ཀྱིས་ཚུར་བསྟན་པ་ནི། ན་བའི་གཟེར་དམིགས་གར་ཡོད་ལ་མཛུབ་མོ་སོགས་ཀྱིས་མནན་ན་ཕན་སྙམ་བྱེད་ལ། མཐེབ་མོའི་རྗེས་འོང་ཞིང་རྩ་འཁྱུག་པ་དང་། རྩ་ནད་གར་ལངས་པ་དེ་དང་། དེའི་དམིགས་སུ་གདབ་པར་བྱའོ།།

༢ སྨན་པས་ཕར་བཙལ་བའི་མེ་དམིགས།

སྨན་པས་བཙལ་བ་ནི་དོན་སྣོད་ཀྱི་གསང་རྣམས་ཏེ། དངོས་བསྟན་རྒྱབ་གསང་ཉི་ཤུ། མདུན་གསང་ཉེར་གཉིས མཛུབ་ཚུགས་གསང་ཉེར་དགུ་སྟེ། མེ་དམིགས་དོན་གཅིག་ནི་ནད་རང་རང་གི་གསང་མི་འགྱུར་བ་ཡིན་པར་སྨན་པའི་རྣམ་དཔྱོད་ཀྱིས་གཏན་ལ་ཕབ་པ་ཡིན་པས་སྨན་པས་ཕར་བཙལ་བའི་གསང་ཟེར།

X