//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > འཇམ་རྩུབ་དཔྱད། > ནང་དོན།

ས་བཅད་དང་པོ། གཏར་གའི་བཅོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 11:09:27 ཀློག་གྲངས། 51 

ལུས་ཀྱི་ཁྲག་རྩའི་གཏར་དམིགས་ཀྱི་སྟེང་དུ་གཙགས་བུ་བརྡེགས་ནས་ནད་ཁྲག་ཕྱིར་དབྱུང་བར་བྱེད་པའི་བཅོས་ཐབས་ཤིག་སྟེ།འདི་ལ་གཏར་ཁའི་ཆ་བྱད་དང་། རུང་མི་རུང་སོགས་བརྟག་པ། གཏར་བཅོས་བྱེད་ལུགས། ཉེས་སྐྱོན། ཕན་ཡོན་བཅས་ལྔ་ཡོད།

དང་པོ། གཏར་ཁའི་ཆ་བྱད།

གཏར་བྱེད་ཀྱི་ཆ་བྱད། རྣོ་ཞིང་མཉེན་ལ་ངར་དང་ལྡན་པའི་ལྕགས་ཀྱི་རྒྱུ་ལས་བྱ་དགོས་ཤིང་།ཆ་བྱད་གཙགས་བུ་བཟོ་མཁན་གྱི་མགར་བ་ཤིན་ཏུ་མཁས་པ་ཉམས་མྱོང་དང་ལྡན་པ་ཞིག་གིས་ཇི་སྐད་བསྟན་པའི་ཆོ་ག་བཞིན་བཟོ་དགོས།གཙགས་བུ་ཀུན་ཀྱང་སྲིད་དུ་སོར་དྲུག་དང་ལྡན་ལ་ཞུན་ཐར་འབྱོང་ཞིང་རྣོ་ངར་ལྡན་པ། མཉེན་པས་གས་དང་གྲུམས་ཆག་མི་ཡོང་བ་སྟེ་རྣོ་ངར་མཉེན་གསུམ་དང་ལྡན་པའི་ལྕགས་ལས་མགར་བ་མཁས་པས་བརྡུང་འཐེམས་ཤིང་ཡ་ཡོ་མེད་པ།གཟུགས་དང་བརྡར་ཁ་ལེགས་པ།རྣོ་བའི་ཚད་གྱེན་དུ་སྤུ་གཤོག་ནུས་པ་སྟེ་དོན་རྣོ་བའི་མཐར་ཐུག་པ་བཟོ་དགོས།རྒྱུ་མཚན་ནི་ཁྲག་ལེགས་པར་ཐེབས་དང་མི་ཐེབས་དེ་གཙགས་བུ་བཟང་ངན་ལ་རག་ལས་པས་གཙགས་བུ་ལེགས་པོ་ནི་སྨན་པའི་ལུས་ལ་དུས་རྟག་ཏུ་བཅིང་ཞིང་གར་ཐོད་ཐོད་དུ་མི་བཞག་པར་གཅེས་པར་བཟུང་དགོས།

གཏར་གནས་མི་འདྲ་བའི་ཆ་བྱད། ཤ་གསེབ་ན་གནས་པའི་ཁྲག་རྩ་རྐྱང་པ་འདེབས་པར་བྱེའུ་སྦུ་གུའམ་མཆིལ་པའི་སྒྲོ་དབྱིབས་དང་འདྲ་བར་རིང་ཚད་སྲིད་སོར་དྲུག་ཡོད་པར་རྩེ་མོ་སྒོར་མོའི་དབྱིབས་ཅན་ལ་ཁ་ཞེང་ནས་འབྲུ་ཆེ་བའི་སྙུག་གང་ཙམ་ཡོད་པ་སྟེ་གཙགས་བུ་བྱེའུ་སྦུ་གུའི་སྒྲོ་འདྲའི་དབྱིབས། རྩེ་ཆུང་སོགས་གཏར་བར་ཟླ་བའི་དབྱིབས་ཏེ་རྩེ་སྒུར་པོ་ཚེས་གཉིས་ཟླ་བ་ལྟ་བུའི་གཙགས་བུ།           སྣོད་ཀ་དང་རྩེ་ཆུང་སོགས་འཕར་རྩ་དང་ཉེ་བ་རྣམས་སུ་འཕར་རྩར་གཙགས་བུའི་ལྟག་པ་བསྟེན་ཞིང་གཏར་བར་ལྟག་ཉལ་ཏེ་ལྟག་པ་གསེགས་འགྲོས་སུ་སྨྱུག་གྲིའི་རྩེ་ལྟར་ཉལ་བར་རྣོ་མེད་ཅིང་མདུན་ངོས་ཀྱི་རྩེ་མོ་རྣོ་བར་བྱས་པའི་སྲིད་སོར་དྲུག་དང་ལྡན་པ་སྟེ་གཙགས་བུ་ལྟག་ཉལ། མགོ་རྨ་སོགས་སླར་འདྲ་དགོས་པའི་རིགས་ལ་གཞི་གཙགས་བུ་འདྲ་བ་ལ་དེ་ལས་ཆེ་ཞིང་གྲི་དབལ་ལམ་བྲང་སྨྱུག་གྲི་ལྟར་འབུར་དུ་དོད་པ་གཙགས་བུ་སོ་དྲང་བྲང་བ་ཅན། རུས་པའི་སྟེང་གི་རྩ་ལ་གཏར་བྱེད་རྐང་ཟླུམ་ལ་རྐེད་དུ་ལག་པས་བཟུང་བདེ་ཞིང་མི་འགྱུར་བའི་འདབ་མ་དང་ལྡན་པར་རྩེ་མོ་སྟ་རེའི་ཁ་འདྲ་བར་སྲིད་སོར་དྲུག་དང་ལྡན་པ་ནི་གཙགས་བུ་སྟ་རེའི་ཁ་འདྲ་བ་བཅས་གནས་མི་འདྲ་བ་ལས་གཙགས་བུའི་དབྱིབས་ཀྱང་མི་འདྲ་བ་དགོས།

གཉིས་པ། བརྟག་པ།

བརྟག་པ་ལ་རུང་མི་རུང་བའི་ནད་གཞི་དང་། རན་མི་རན་གྱི་དུས་ཚོད་ལ་བརྟག་པ་བཅས་གསུམ་ཡོད།

༡ གཏར་ཁ་རུང་མིན་གྱི་ནད་གཞི།

གཏར་ཁ་རུང་བའི་ནད། འགྲམས་པ་དང་། འཁྲུགས་པ། རིམས། སྐྲངས་པ། རྨ། དྲེག་ནད། སུར་ཡ། མེ་དབལ། ཆུ་སེར། མཛེ་ནད་ལ་སོགས་ཀྱིས་མཚོན་པའི་ཚ་བ་དང་།ཁྲག་དང་མཁྲིས་པ་ལས་གྱུར་པ་ཕལ་ཆེ་བ་ནི་གཏར་དུ་རུང་ངོ་།།

གཏར་ཁ་མི་རུང་བའི་ནད། གདོན་ཅན། ཟུངས་ཟད། སྦྲུམ་མ། བུ་བཙས་པའི་རྗེས། སྐྱ་རྦབ། གཅོང་ཆེན། མེ་དྲོད་ཉམས་པ་སོགས་མདོར་ན་བད་ཀན་སྐྱ་བོ་དང་། རླུང་ལས་གྱུར་པའི་ནད་ཐམས་ཅད་ལ་སྤང་དགོས།

དམིགས་བསལ་གྱི་ནད། གཏར་ཁ་རུང་བའི་ནད་རྣམས་ལའང་ནད་ཁྲག་དང་ཟུངས་ཁྲག་མ་ཕྱེད་པ། རིམས་ཚད། ཚ་བ་མ་སྨིན་པ། སྟོངས་ཚད། དུག་མ་གསོད་པ། གཉན་ཚད། ཟུངས་ཟད་པ་སྟེ་བདུན་པོ་རྣམས་ནི་ཚ་བ་ཡིན་ཡང་མྱུར་དུ་གཏར་མི་རུང་ལ། བད་ཀན་སྐྱ་བོ་དང་རླུང་ནད་ཚབས་ཆེན་མ་གཏོགས་ཁྲག་མཁྲིས་དང་བསྡོངས་ན་གཏར་དུ་རུང་ངོ་།། གཞན་ཡང་ཤ་རྨེན་རྩའི་གནད་དང་། གཉན་ས་དོག་པ། རྩ་མདུད།བླ་གནས་ས་བཅས་ལ་མི་གཏར་རོ།།

༢ གཏར་ཁ་རན་མིན་གྱི་དུས་ཚོད།

གཏར་བཅོས་ཀྱི་དུས་ཚོད་རན་དང་མ་རན་ལ་ཐོག་མ་དང་། བར་པ། ཐ་མ་གསུམ་དུ་བརྟག་དགོས་པ་དང་།དུས་མ་ཤེས་པའི་སྐྱོན་བཅས་བཞི་ཡོད།

ཐོག་མ་ནས་གཏར་དགོས་པ་ནི་བྱང་ཁོག་ཏུ་ཁྲག་བབས་པས་དོན་ལ་ཟིན་པ་དང་། སྣ་ཁྲག་མངལ་ཁྲག་སོགས་མ་ཆོད་པ། ཁྲག་རྒྱས་པ།རྒྱས་འཁྲུགས་སོགས་ཀྱི་ཚ་བ་དེ་རྣམས་སྨིན་ལོང་མེད་པས་གཏར་བའི་དུས་ལ་མ་བབས་ཀྱང་མི་བསྡད་པར་བརྩོན་པས་ཐུག་ཕྲད་དེ་མ་ཐག་ཏུ་ཐོག་མར་གཏར་བར་གཅེས་སོ།།

བར་དུ་གཏར་དུས་གཏར་ཁ་རུང་བའི་ནད་དེ་གཟེར་དུས་གྲང་ཤུམ་ཆད་ཅིང་རྩ་རྒྱུས་ལྕི་ལ་རྩ་སྦྲིད་པ་རྒྱས་པའི་དུས་ན་གཏར། ནད་ཁྲག་ཟུངས་ཁྲག་ཕྱེད་པའི་རྟགས་ནི་ཁ་སྣ་འཕོངས་གསུམ་ནས་འབབ་པའི་ཁྲག་ལ་བལྟས་པས་ཟུངས་ཁྲག་དམར་སེལ་ལེ་བ་དང་། ནད་ཁྲག་མདོག་གཞན་དུ་སྣང་བ་འདྲེས་པའི་རི་མོ་མེད་ན་དུས་ལ་ཕེབས་པ་སྟེ་གཏར་རན་ཞིང་། དེ་ལྟར་མ་ཡིན་པར་ནད་ཁྲག་ཟུངས་ཁྲག་ཞག་གཅིག་ལ་འབྱེད་མི་ནུས་པའི་ཕྱིར་རབ་ཞག་ལྔ་འབྲིང་གསུམ་གྱི་སྔོན་ནས་ཨ་བར་སྐྱུར་གསུམ་གྱི་ཐང་གིས་ཕྱེ་ལ་གཏར་རོ།།

ཁྲག་བྱེར་བ། མཁྲིས་པ་བྱེར་བ། ངན་ཁྲག་རྩ་མིག་ཏུ་བྱེར་བ། མི་འཕྲོད་པའི་ཟས་ཀྱིས་ཚ་བ་ལ་སོགས་པའི་ནད་རོ་བསྐྱེད་པ་ལ་ཐ་མར་གཏར་དགོས།

དུས་མ་ཤེས་པའི་སྐྱོན། དུས་དེ་གསུམ་དང་མི་ལྡན་པར་གཏར་བ་སྔས་ན་རླུང་སྐྱེ་ཞིང་ཚ་བ་སླར་བྱེར་བར་བྱེད་ལ། འཕྱིས་ན་ངན་ཁྲག་དེ་རྩར་གྲམས་ཏེ་ནད་རོ་མི་ཐོན་ལ། ལྷག་པར་ཚ་སྟོབས་ཆེ་བ་ལ་གཏར་བ་འཕྱིས་ན་ཚ་བའི་སྟོབས་ཀྱི་རྩ་དང་དོན་ལྔ་པོ་རྣག་ཏུ་འགྱུར་བའི་སྐྱོན་གྱིས་འདྲུལ་བ་ལ་སོགས་པ་འབྱུང་ངོ་།།

གསུམ་པ། གཏར་བཅོས་བྱེད་ལུགས།

གཏར་བཅོས་བྱེད་ལུགས་ལ་གཏར་གའི་ལས་མ་བྱས་པའི་སྔོན་གྱི་སྟ་གོན་དང་།གཏར་བཅོས་དངོས། ཕྱི་རྗེས་བཅད་པ་བཅས་རྣམ་པ་གསུམ་ཡོད།

གཏར་ཁའི་སྟ་གོན།

དངོས་གཞིའི་བྱ་བ་མ་བརྩམས་གོང་ངེས་པར་དུ་བརྒྱུད་དགོས་པའི་རིམ་པའམ་སྟ་གོན་གྱི་ཆོ་ག་བྱེད་པར་རིང་བ་དང་།ཉེ་བའི་སྟ་གོན་བཅས་རྣམ་པ་གཉིས་ཡོད།

རིང་བའི་སྟ་གོན།

མ་སྨིན་པ་སྨིན་པར་བྱ་བ་དང་། གཏར་ག་མ་བྱས་པའི་སྔོན་དུ་དྭངས་སྙིགས་འབྱེད་དགོས་ཏེ་ནད་ཁྲག་ཟུངས་ཁྲག་འབྱེད་པར་འབྲས་བུ་གསུམ་ཐང་། རླུང་ཚད་འབྱེད་པར་སླེ་ཏྲེས། བད་ཁྲག་འབྱེད་པར་མ་ནུ་དང་སླེ་ཏྲེས། འཐབ་པ་དང་འདུས་ནད་འབྱེད་ན་སྐྱུ་རུ་ར། ཁྲག་མཁྲིས་འབྱེད་ན་བ་ལེ་ཀ་དང་སླེ་ཏྲེས། ནད་ཁྲག་རྩར་དྲང་བ་པི་པི་ལིང་། སྨིན་བྱེད་མྱུར་དུ་དགོས་ཚེ་སླེ་ཏྲེས་ཀྱི་ཐང་གཅེས་ཤིང་། རབ་ཞག་ལྔ་དང་འབྲིང་གསུམ་གྱི་སྔོན་དུ་ངེས་པར་དགོས་ཏེ། ཐང་མ་བཏང་བར་གཏར་ག་བྱས་ན་ཟུངས་ཁྲག་འཆོར་ཞིང་ནད་ཁྲག་མི་ཐོན་ལ་རླུང་སྐྱེ་ཞིང་ཚད་རོ་ལྡས་པ་སྟེ་ལུས་པའི་སྐྱོན་ཡོད།

ཉེ་བའི་སྟ་གོན།

མེ་དང་ཉི་མ་གང་རིགས་ཀྱིས་ལུས་དྲོས་པར་བསྲོ་ཞིང་འདྲེ་ཅན་གྱི་འགྲུལ་བསྲུང་བ། བསྙལ་ཐག བསྙལ་གདན། གཙགས་བུ། གཙགས་གདན། ཁྲག་གཅོད་ཀྱི་སྨན། རུས་སྲེགཆུ་གྲང་། རྨ་ཆས་སོགས་ཡོ་བྱད་གང་དགོས་སྟ་གོན་བྱེད་དགོས།

གཏར་བཅོས་དངོས།

གཏར་བཅོས་དངོས་ལ་བསྙལ་བའི་ཐབས་དང་། གདབ་ཐབས། གདབ་དམིགས།ཁྲག་པྲ།དབྱུང་ཚད།ལོག་གནོན་བཅས་རྣམ་པ་དྲུག་ཡོད།

བསྙལ་ཐབས།

བསྙལ་ཐབས་ཞེས་པ་འགྱུར་མེད་མལ་དུ་འཛུད་པའི་དོན་ཏེ།རྩ་ལམ་དུ་གཞུག་ནས་མི་འགྱུར་བའི་ཐབས་བསྟན་པ་ཞིག་ཡིན།དེ་ལ་བྱེ་བྲག་རྩ་རྒྱུད་སོ་སོར་བསྙལ་བའི་ཐབས་དང་།རྩ་རྒྱུད་སྤྱི་ཇི་ལྟར་བསྙལ་བའི་ཐབས་དང་གཉིས་ཡོད།

མགོ་ཡི་རྩ། དཔྲལ་རྩ་གཡས་གཡོན་ལ་གྱེས་པའི་གསེར་མདུང་དངུལ་མདུང་གཉིས། ལྟག་རྩ་གཉིས།མཚོགས་གསང་།ལྟག་རལ་གཉིས། མུར་གོང་འཕར་རྩ་གཉིས་རྣམས་སྨིན་མ་དང་རྣ་བའི་སྟེང་ནས་ཐི་གུས་བསྐོར་ལ་ཤིང་བུས་ལྟག་ཁུང་དུ་གཅུ།

སྐེ་ཡི་རྩ། རྩེ་ཆུང་གཉིས་གང་གཏར་བའི་རྩ་ནས་ཅིག་ཤོས་ཀྱི་མཆན་ཁུང་དུ་ག་ཤར་བསྡམས་ལ་མཆན་འོག་ཏུ་ཤིང་བུས་གཅུ།

ཐོང་རྩ། བསྙལ་ཐག་གིས་སྐེ་བསྐོར་ལ་རྒྱབ་ནས་བསྣོལ་ལ་འཐེན། གཞན་མིག་རྩ། སོ་རྩ། རྣ་རྩ། སྣའི་རྩ་སོགས་ནམ་ཚོང་ཡན་ཆད་སྐེ་ནས་བསྡམས་ཏེ་མདུན་དུ་མདུད་པ་གཅུས།

ལྕེ་རྩ། སྨྱུག་མའི་སྐམ་པ་དར་གྱིས་དཀྲིས་པའི་བར་དུ་ལྕེ་ལྟེམ་སྟེ་གྱེན་དུ་ལྕེ་སྒྲིལ་བས་རྩ་ཐོན་ནོ།།

ལག་པའི་རྩ། དཔུང་རྩ་གཉིས་ལུག་གཞུག་གི་འོག་ཏུ་ཐི་གུས་བསྐོར་ཏེ་བསྡམ། ཨ་སོ།དྲུག་མགོསྒང་རྩ།རུ་ཐུང་།མཁྲིས་པ་གཤའ་རིངས། བད་ཀན་གཤའ་རིངས སོགས་ལག་པའི་ཉྭའི་རྩ་རྣམས་གྲེ་མོ་ཁུང་ནས་གྱེན་དུ་སོར་གསུམ་གྱི་གོང་དུ་བསྡམ། སྐྱོར་གོང་།ཕྲན་བུ།རྒྱབ་རྩ་དྲུག་འདུས། པྲན་རྩེའི་བར་རྩ། གློ་མཆིནའདོམས་རྩ། མཆིན་མཁྲིས་འདོམ་རྩ་སོགས་གཏར་ན་མཁྲིག་མའི་གོང་དུ་བསྡམ།

རྐང་པའི་རྩ། རྩ་བོ་ཆེ་གཉིས་ལ་པུས་མོའི་ནང་ནས་གྱེན་དུ་མཛུབ་གང་གཞལ་བའི་སར་བསྡམ། སྒབ་རྩ། རྟ་མཐུར་བྱིན་གཞུག་སྟེ་མཁལ་རྩ་རྣམས་ལྷམ་སྒྲོག་འཆིང་སའི་སྟེང་དེ་བསྡམ། ལོང་རྩ།གདོང་རྩ།ཡོབ་གོང་།བྱིན་སྐྱོགརྒྱུ་རྩ་སོགས་ལོང་བུའི་སྟེང་དུ་བསྡམ།

སྦུབས་རྩ་སོགས། འོག་སྦུབས་ཀྱི་རྩ་རྣམས་ཞེས་ཕོ་བའི་རྭ་རྩ་ལ་མདུན་ཕྱོགས་ཧང་རྒྱ་ཚིགས་པ་བཅུ་པའི་ཐད་དང་ཕོ་མཚན་འགྲམ་རྩ་ལ་དཔྱི་སྟེང་ནས་གང་གཏར་ངོས་ཀྱི་སྒྲོ་བའི་རྩ་བར་ཐི་གུ་འཐེན་ལ་རང་རང་གི་རྩ་རྒྱུད་རྭ་རྩར་ཟུར་རྩིབ་སྟེང་དང་འགྲམ་རྩར་དཔྱི་སྟེང་དུ་ཤིང་བུས་གཅུ།

མདོར་ན་གནས་གང་དུ་གཏར་ཡང་བསྙལ་སྟན་དར་རས་བལ་སོགས་ཀྱི་སྟེང་དུ་བསྙལ་ཐག་གིས་པགས་པ་མ་འཆུས་པར་རྩ་བཙལ་བ་ཐི་གུའི་སྣེས་ཕན་ཚུན་མཉམ་པོར་འཐེན་ལ་བསྡམ་ཞིང་སྦྲིད་ཆིལ་བྱུང་བ་དང་། རྩ་རྒྱུད་དེ་ལྟང་གིས་བྱུང་ན་སྡོམ་པ་ཡིན་ལ། མ་བསྡོམས་ན་མི་ཐེབས་ཤིང་ཤ་ལྤགས་རྩ་རྣམས་འཆུས་ན་ཁྲག་མི་ཐོན་པས་བསྙལ་རྗེས་སུ་རྩ་རྣམས་ལག་པས་མཉེ་ཞིང་བསྲུབ་པ་དང་། ཤ་སྦྲིད་ཅིང་རྩ་རྣམས་རྒྱས་སུ་བཅུག་པས་ཐེབས་པར་སླ་བ་ཡིན་ཀྱང་། དེ་ལྟར་མ་བྱས་པར་བསྙལ་མ་ཐག་ཏུ་མི་གཏར་ཏེ་གཏར་ན་ཐེབས་པ་དཀའ་བའི་ཕྱིར་རོ།།

གདབ་ཐབས།

རྩ་མ་འཆུས་པར་ལག་གཡོན་པའི་མཐེ་བོས་མནན་ནས་མཐེ་བོ་དེའི་ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུར་བ་ཡིན་ལ། ཕལ་ཆེར་བསྙལ་བའི་འོག་སོར་གསུམ་ཙམ་གྱི་འོག་ཏུ་གཏར་དགོས། གཏར་ཐབས་ལ་གློ་ཕུག་སྟེ་རྩའི་ལོག་ནས་གཡས་གཡོན་གང་རིགས་འཕྲེད་དུ་ཕུག་པ་དང་། སྒང་གཤགས་ཏེ་རྩའི་སྒལ་སྟེང་ནས་གཞུང་དུ་གཤགས་པ། དོལ་ཆོད་དེ་རྩ་དེ་རྦད་ཀྱིས་གཅོད་པ་སྟེ་སྔོན་ལ་གཙགས་བུ་བསྙལ་ལ་གཡས་གཡོན་དུ་དལ་གྱིས་ཕུག་ནས་སོ་གྱེན་དུ་བསྟན་ནས་བཅད། ཉིས་ལེན་ཏེ་སྔོན་ལ་རྩ་སྟེང་གི་པགས་པ་དབྲལ་ནས་དེ་རྗེས་རྩ་ལ་འདེབས་པ། སྨྱུག་ཁ་སྟེ་གསེགས་འགྲོས་སུ་འདེབས་པའམ་སོ་དྲང་པོས་རྩ་རྦད་ཀྱིས་བཅད་པ་སོགས་རྣམ་གྲངས་མང་ཡང་སྤྱིར་གང་བདེ་རང་ཉིད་གང་གོམས་ལྟར་གདབ་ཅིང་། བྱེ་བྲག་ཏུ་རྩ་ཆེན་རྣམས་ལ་སྒང་གཤག་དང་། རྩ་ཕྲན་རྣམས་ལ་སྨྱུག་ཁ་ལྟར་འཕྲེད་གསེགས། རྩ་ཤིན་ཏུ་ཕྲ་བར་རྦད་ཆོད་དུ་བཅད་པ། སྣོད་ཀ་སོགས་གནད་སྟེང་གི་རྩ་ལ་ཉིས་ལེན་ཁོ་ན་བསྔགས་ཤིང་། གཞན་གང་འོས་དང་མདོར་ན་ཁྲག་བས་རླངས་ཕན་པས་རྨ་ཁ་ཆེ་བར་བྱ་དགོས་ཏེ། རྨ་ཆུང་ན་སྐྲངས་པ་དང་ཁྲག་གི་རླངས་མི་ཐོན་པའི་སྐྱོན་འབྱུང་ལ། རྩ་ཁ་དང་པགས་ཁ་མཉམ་ན་ལེགས་པ་ཡིན་ཞིང་། རུས་སྟེང་གི་རྩ་ལ་སྟ་རེ་སོས་གཏར་དགོས་ཏེ། དེ་ཡང་རྩའི་སྟེང་དུ་མི་འགྱུར་བར་འཕྲེད་དུ་བཙུགས་ལ་སྟེང་དུ་བེམ་ཏོལ་ལམ་སོར་མོའི་བུ་ཀག་སྟ་རེ་ཁ་དེའི་ལྟག་པར་བརྡེག་གོ། གཏར་བའི་རྩ་གནས་རགས་པ་ནི། ལྟག་རྩ་ནི་སྡུད་སྒོའི་གཡས་གཡོན་ནས་གྱེན་དུ་སོར་གསུམ་གཞལ་བའི་རྩ་སྟེང་དུ་ཐིག་གདབ་ལ་གཏར་རྗེས་མེ་བཙས་བསྲུང་། མཚོགས་གསང་ནི་སྐྲ་མཚམས་ནས་སོར་བཞིའི་མཚམས་སུ་གྱེན་དུ་གཤག མུར་གོང་འཕར་རྩ་ནི་སྐྲའི་གསེབ་ཏུ་གཏར། རྩེ་ཆུང་ནི་སྐེའི་མས་ཀྱི་མཚམས་ནས་སོར་བཞི་བཅལ་བར་གཏར། རུ་ཐུང་ནི་གཞུ་མཆོག་གི་སྣ་ནས་སོར་བཞི་བཅལ་སར་གཏར། བྱིན་གཞུག་ནི་རྟིང་པ་ནས་གྱེན་དུ་མཛུབ་གང་བཅལ་བའི་སར་གཏར། ཁྲག་གང་གཏར་ཡང་གཏར་མ་ཐག་ཏུ་མི་གློད་དེ་གློད་ན་ཁྲག་མི་ཐོན་ལ། ལྷག་པར་མགོ།སྐེ།ལོང་རྩ་གསུམ་ལ་ཁྲག་མི་གཅོད་བར་དུ་གློད་པར་མི་བྱ་ཞིང་། གཞན་དག་རྣམས་གཏར་འཕྲལ་ཁྲག་ཕྲན་བུ་ཐོན་ཏེ། དེ་ནས་ཁྲག་ཆད་པའི་དུས་ན་ཆ་ཡིས་གློད་དོ།།

གོང་ངོས། སྤྱི་བཤད།
X