//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > རྨང་གཞི་གཞུང་ལུགས། > བརྟག་པ་རྩ་ཆུ། > ནང་དོན།

ས་བཅད་དང་པོ། རེག་པ་རྩ་ལ་བརྟག་པ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། རིན་ཆེན་མཚོ། དུས་ཚོད། 2015-01-12 9:11:24 ཀློག་གྲངས། 163 

སོར་མོའི་རེག་པར་བརྟེན་ནས་འཕར་རྩའི་རྒྱུ་བར་བརྟག་པའི་ཐབས་འདི་ནི།ཐོག་མར་ཉེས་གསུམ་ལས་གྱུར་པའི་ནད་དང་དེའི་ཚུལ་བརྟག་མཁན་གྱི་སྨན་པ་གཉིས་ཀྱི་བར་དུ་དོན་མ་ནོར་བ་བརྡ་སྦྱོར་བའམ་ངག་གིས་འཕྲིན་པ་སྨྲ་བའི་ཕོ་ཉ་བ་དང་འདྲ་བ་ནི་འཕར་བའི་རང་བཞིན་དུ་གནས་པའི་རྩ་འདི་རྣམས་ཡིན་ནོ་ཞེས་བརྟག་པའི་གཞི་ངོས་བཟུང་ནས་དེ་ལྟ་བུའི་འཕར་རྩར་བརྟག་པ་ལ་དང་པོ་སྔོན་འགྲོ་ཟས་སྤྱོད་ལ་བསླབ་པ་དང་ བལྟ་བའི་དུས།བལྟ་གནས། མནན་ཚདབལྟ་ཚུལ། ཐ་མལ་བའི་རྩ་ལ་རྩ་རྒྱུད་གསུམ་དུ་བརྟག་པ་དང་ ཕྱི་དུས་བཞིའི་རྩ་ལ་ཁམས་ལྔ་དང་འབྱུང་བ་ལྔ་སྦྱར་ནས་བརྩི་བ། ངོ་མཚར་བའི་རྩ་བདུན་ནད་མེད་ཀྱི་མི་ལ་བལྟ་བ།ནད་ཅན་དང་ནད་མེད་བར་གྱི་དབྱེ་བ་དེ་རྩ་འཕར་བའི་གྲངས་ལས་དཔགས་ཏེ་བལྟ་བ། སྤྱི་རྩ་དྲུག་དང་བྱེ་བྲག་ནད་སོ་སོའི་རྩ་ཡིས་ནད་ངོས་བཟུང་བ། འཆི་རྩ་རྒྱུད་འགྱུར་བ།མ་ཚང་བ། སྡོད་པ་གསུམ་གྱིས་འཚོ་འཆིའི་ཁ་དམར་གདགས་པ གདོན་རྩ་གློ་བུར་བདུན་བརྒྱ་ཉི་ཤུཡེ་འབྲོག་སུམ་བརྒྱ་དྲུག་ཅུ་སོགས་བརྟགས་པས་གནོད་པ་ངོས་བཟུང་ནས་རིམ་གྲོ་འབོགས་པའི་ཐབས།ཚེ་གནས་མི་གནས་ཀྱི་རྟགས་ཚེ་སྲོག་གི་རྟེན་བླའི་རྩ་འཁྱམ་པོ་ལ་བརྟག་པ་སྟེསྤྱི་དོན་བཅུ་གསུམ་ཡོད།

དང་པོ ཟས་སྤྱོད་ཀྱི་སྤང་བླང་བསླབ་པ།

སང་ཞོགས་རྩ་བལྟ་བའི་དོ་ནུབ་ནས་ནད་པ་ནད་མེད་གང་ཡིན་ཀྱང་ཤ་ཆང་ལ་སོགས་དྲོད་བཅུད་ཆེ་བའི་བཟང་བཏུང་དང་།མེ་ཉི་ལ་བྱུག་པ། ལུས་ཀྱི་བྱ་བ་དྲག་པོ་བྱེད་པ། སྔོ་ངད་དང་རུལ་སུངས་སོགས་འཇུ་དཀའ་བའི་རིགས།ཇ་དང་ར་ཕག་གི་ཤ་ལ་སོགས་པ་བསིལ་ཆེ་བའི་བཟའ་བཏུང་རྣམས་ཀྱིས་ནད་གཞི་གསར་དུ་འཁྲུག་པར་འགྱུར་བས་སྤང་ཞིང་།བསིལ་དྲོད་སྙོམས་པའི་བཟང་བཏུང་ཡིན་ཀྱང་ཧ་ཅང་འགྲངས་ཆེས་པ་དང་། ལྟོགས་ཆེས་པ། བུད་མེད་དང་ལྷན་དུ་ཉལ་པོ་བྱས་པ།བྱ་ལས་ཀྱིས་གཉིད་ཆག་པ། ཁ་ཏོན་ལ་སོགས་པ་སྨྲ་བརྗོད་མངས་པ། མྱ་ངན་དང་ཡིད་མི་བདེ་བ་སོགས་སེམས་ལས།འགྲོ་འདུག་ལ་སོགས་ཏེ་མཐའ་གཉིས་དང་ལྡན་པའི་ཟས་སྤྱོད་རྣམས་སྤངས་ཏེ་ལེགས་པར་བརྟག་པསནང་གི་འདུ་བ་རྣམ་གསུམ་མི་འཁྲུགས་ཤིང་གསལ་པོར་སྟོན་ལ།གློ་བུར་དུ་བརྟག་དགོས་པ་ལ་ནད་པ་དང་སྨན་པ་གཉིས་ཀའི་དབུགས་ཆད་དང་རྩོལ་བས་མ་དུབ་པའི་རྩ་མལ་དུ་ཆུད་པ་དང་། ནད་པའི་རྩ་དཔངས་རྐྱེན་སྣ་ཚོགས་ཀྱིས་མ་བཏེག་པ་ཞིག་ཅི་ནས་ཀྱང་གཅེས་པར་བཟུང་ལ་བརྟག་དགོས་པ་ཡིན་ནོ།།

གཉིས་པ རྩ་བལྟ་བའི་དུས

ནམ་མཁའ་ལ་ཉི་མ་ཤར་བ་ཀླུངས་སུ་ཉི་ཟེར་མ་ཕེབས་པར་ཞེས་ནམ་ལངས་ལག་རིས་མཐོང་ཙམ་དེ་ཤིན་ཏུ་གསལ་བའི་སྐབས་ཡིན།དེ་ལས་འཕྱི་ན་ཕྱི་ནང་ཆོས་མཚུངས་ཀྱི་དབང་གིས་ཕྱིར་ཉི་མ་ཤར་བ་དང་ནང་རོ་མའི་ཁམས་རྒྱུ་བའི་ཁྲག་མཁྲིས་ཀྱི་རྩར་འཁྲུལ།དེ་ལས་སྔ་འི་ནུབ་མོ་བལྟས་ན་ཕྱི་རོལ་བཅོ་ལྔའི་ཟླ་བ་ཤར་བའི་དུས་ཚོད་ལ་ནང་དུ་རྐྱང་མའི་སྟོབས་ཀྱིས་གྲང་རླུང་གི་རྩར་འཁྲུལ།དུས་ངེས་ཅན་དེའི་སྐབས་ཚ་གྲང་ཕྱོགས་ལྷུང་མེད་པའི་དབུ་མ་སྟོབས་སུ་གྱུར་པའི་དུས་ཡིན་ཏེ་མི་འཁྲུལ་ལོ།།རྩ་བལྟ་ཡུལ་གྱི་ནང་དབུགས་དྲོན་མོ་སྨྲ་བཟླས་སོགས་བྱས་ནས་ཕྱིར་མ་རྒྱུས་པ་དང་། ཕྱི་དབུགས་བསེར་བུ་དང་འགྲོགས་པའི་གྲང་མོ་དེ་ནང་དུ་མ་ཤོར་བ།མལ་ས་ནས་མ་འགུལ་བ། ཁ་ཟས་མ་ཟོས་པབཏུང་བ་མ་འཐུངས་པའི་ཁྱད་ཆོས་དྲུག་ལྡན་སྐབས་སུ་བལྟས་ན་གསལ་ལོ།སྨན་པའི་སོར་མོའི་ཡར་ཟུར་དོན་ལྔའི་རྩ་ཕྱིར་རྒྱུ་བ་གདགས་དང་།མར་ཟུར་སྣོད་དྲུག་གི་རྩ་ནང་རྒྱུ་བ་སྲིབས་ཞེས་གདགས་སྲིབས་ཉིན་མཚན་ཚ་གྲང་གི་ཐ་སྙད་བཏགས་པ་དང་སྣ་སྒོའི་དབུགས་ཀྱང་སྙོམས་ལ་ལག་པའི་རྩ་ཡང་ཐ་མལ་དུ་གནས་པའི་དུས་དེར་ལྟ་བ་ཡིན་ནོ།།

གསུམ་པ རྩ་བལྟ་བའི་གནས

ལག་པའི་མཁྲིག་གཉེར་དང་པོ་སྟེ་རྩ་བལྟ་ཡུལ་རང་གི་ཚོན་གང་མར་ལ་བཅལ་བའི་རུས་པ་འབུར་མཚམས་ཀྱི་ལྡེབས་དེར་སྨན་པའི་མཛུབ་མོ་ལ་ཚོན།གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་རྒྱ་ནག་གི་བརྡར་གྲགས་པ་གསུམ་མ་འདྲུས་ཏེ་བར་ཡངས་དྲགས་པ་དང་དོག་དྲགས་པ་མ་ཡིན་པའི་མ་འབྲེལ་ཙམ་སྙོམས་པར་བཞག་སྟེ་བལྟ་བའོ།།རྒྱུ་མཚན་ནི།འཕར་རྩ་ཙམ་ནི་མགོ་སྐེ་རྐང་པ་སོགས་ལུས་ཀྱི་སྟོད་སྨད་ཀུན་ལ་ཡོད་མོད་ཀྱང་། དོན་སྙིང་འཕར་བ་དང་ཉེ་བར་བལྟས་ན་རི་གཟར་གྱི་ཕུ་ཆུ་དྲག་ཏུ་འབྲུབ་པ་སྟེ་འཁྲུག་པའི་རྩར་མི་འགའ་ཞིག་ཕར་ཚུར་དུ་ལབ་ཀྱང་ཆུ་སྒྲ་དེས་ལབ་ཀྱི་བརྡ་མི་འབྱོར་པ་དང་མཚུངས་ཏེ་དོན་སྙིང་ལས་གཞན་པའི་ནད་མི་རྟོགས།དེ་བཞིན་དུ་དོན་སྙིང་དང་རིང་བ་མགོ་དང་རྐང་པའི་འཕར་རྩ་ལ་བལྟས་པའི་ཚེ་བོད་དུ་མཚོན་ན་རྒྱ་དཀར་ནག་སོགས་ཐག་རིང་པོ་ནས་འོངས་པའི་མགྲོན་པོའི་གཏམ་ལ་བདེན་རྫུན་སྣ་ཚོགས་འབྱུང་བ་དང་འདྲ་སྟེ་ནད་ཇི་ལྟ་རྟོགས་པར་མི་ནུས་སོ།། བལྟ་གནས་འདི་ཉིད་ལུས་ཀྱི་སྟོད་སྨད་དོན་སྣོད་ཐམས་ཅད་དུ་ཉེ་རིང་འཚམ་པ་ཡིན་ཏེ།དཔེར་ན་ཕུ་ཆུ་འཁྲུག་པའི་ས་ཇི་ལྟར་རིགས་པ་ནས་མི་མང་ཉུང་གང་རུང་གིས་སྐད་གསང་མཐོན་པོ་སྨྲ་བའི་གནས་དེ་བས་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་སུ་བྱས་པའི་ཚུ་རོལ་ནས།དབང་པོ་སྐྱོན་མེད་པས་དབྱར་ཁའི་དུས་སུ་ཉན་ན་ཆུ་སྒྲ་དང་མི་སོ་སོའི་སྐད་མ་འདྲེས་པར་ཐོས་པ་བཞིན་དུ་ནད་རྟགས་རྣམས་ཀྱང་གསལ་བར་སྟོན་ནོ།།ཇི་ལྟར་ཡིན་ཞེ་ན། བལྟ་རྩ་འདིར་ལུས་ཀྱི་སྟོད་སྨད་དོན་སྣོད་ཕྱི་ནང་སོགས་ཀྱི་ནད་རྟགས་ཐམས་ཅད་རྒྱུ་བས་ན་ཚོང་འདུས་ཆེན་པོའི་རྒྱ་སྲང་བཞིན་གནས་པ་ཡིན་ནོ།།ཚོང་ཟོང་དང་འདྲ་བའི་རླུང་དང་བད་ཀན་དང་ཁྲག་ཁྲིས་ལ་སོགས་ནད་རྟགས་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་དུ་རྒྱུ་བས་ན་དྲག་པར་འཕར་བའི་ཚུལ་འདི་ཉིད་ཚོང་དཔོན་བཞིན་དུ་གང་ན་ཟོང་ཅི་ཡོད་ཀྱི་གཏམ་སྨྲ་བར་བྱེད་དོ།།ཡར་ཟུར་གདགས་ཀྱི་རྩ་དྲུག་དང་མར་ཟུར་སྲིབས་ཀྱི་རྩ་དྲུག་སྟེ་བཅུ་གཉིས་པོ་མ་འདྲེས་ཏེ་ཕ་ཙེའི་རེ་སོ་ཞེས་རེ་ཐགས་ཀྱི་སྣལ་མའི་རྒྱུ་དཀར་ནག་སྤེལ་བ་ཞིག་བྱུང་བ་འདྲ་བའི་ཚུལ་གྱིས་སོ།།བླ་རྩ་ནི་རུས་པ་འབུར་པོའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་ཅིང་། འཆི་མི་འཆི་ཐེ་ཚོམ་བྱུང་ན་འབྱུང་བ་རྣམས་མཐའ་ནས་རིམ་གྱིས་སྡུད་པའི་ཕྱིར་འཆི་རྩ་བོལ་གོང་ལ་བརྟགས་པས་འཕྲལ་དུ་ཤེས་སོ།།

བཞི་པ མནན་ཚད

ཚོན་གྱིས་པགས་པ་དང་། ཀན་གྱིས་ཤ་དང་། ཆག་གིས་རུས་པ་ལ་ཐུག་པར་ནོན་པ་ཙམ་དུ་རྩ་སོ་སོར་གསལ་བར་མནན་པར་བྱའོ།།རྒྱུ་མཚན་ནི།ཉྭ་སུལ་གྱི་སྲུབས་ནས་ཐོན་པའི་རྩ་དབྱིབས་དེ་ས་འོག་ནས་རིམ་གྱིས་ཐོན་པའི་ལ་ཕུག་དང་འདྲ་བ་དེ་ཤའི་རྔམས་གྲུ་མོ་ལ་ཉེ་བ་དེ་ཟབ་ཅིང་།མཁྲིག་མ་ལ་ཉེ་བ་དེ་ཤ་རྔམས་མི་ཟབ་པའི་ཁྱད་ར་ལས་བྱུང་བ་ཡིན་པས་ཤ་འབྱོར་བར་ནན་པ་བལྟ་བར་བྱའོ།།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X