//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

ཟངས་ཐུར་གཟོང་ཁ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:47:40 ཀློག་གྲངས། 19 

མིང་གཞན། ཟངས་ཐུར་གཟོང་ཁ།

ཆ་བྱད་ཀྱི་རྒྱུ། གསེར་ཟངས་ར་གན་གང་རུང་།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། མགོའམ་རྩེ་མོ་གཟོང་ཁ་ལྟ་བུ་རྣོ་ལྕགས་ཀྱི་ཕུར་བའི་ཁ་དང་འདྲ་བ་ལ་གཞན་ཀུན་སྔ་མ་གཉིས་དང་འདྲ་བ་ཡིན།

སྤྱོད་སྒོ། མན་ངག་ལྷན་ཐབས་སུ་བར་འགྲིབས་ཀྱི་ནད་འདི་དབྱེ་རུང་ཆགས་ལུགས་རྣམ་བཞིར་བསྟན་པ་ལས་འདི་རང་མར་ལྟར་སྨིན་པ་དང་ཁྱད་པར་ཟླ་བ་ཉ་ལྟར་གང་བའི་དུས་སུ་བསལ་བ་ལ་སྤྱོད།

ཕན་ནུས། གོང་མ་གཉིས་དང་མཐུན་པར་བལྟ།

བཀོལ་སྟངས། བར་འགྲིབས་གསོ་བའི་ལེའུར། ལུས་ཀྱི་བཅའ་གཞི་གཟའ་སྐར་ཚེས་བཟང་ལ།། སྤྲིན་མེད་ཉི་མ་ལྡེ་སར་འདུ་ལོག་བསྡམས།། སྔ་དྲོ་ཤར་བལྟས་ལོ་མཐུན་གཡོག་གིས་བརྟེན།། སྣམ་བུ་གཙང་མས་ལག་པ་རྐེད་པ་དྲིལ།། སྨན་པ་མདུན་ངོས་ནས་ཀྱི་ཁྲི་སྟེང་འདུག ། གཡོག་གིས་རྡོ་གཉིས་མི་འབྱེད་ངོས་སུ་བརྡུང་།། དེ་ཡི་སྒྲ་ལ་ནད་པ་མིག་བལྟར་གཞུག ། གསང་ས་ལྷ་མི་བདུད་ཀྱི་བུ་ག་གསུམ།། ཚད་དང་ལྡན་པའི་དར་ཡེས་གསང་མཚོན་ཏེ།། གྱེས་ན་ནད་མི་སུམས་ལ་བསྡུས་ན་འབྱར།། མཐོས་ན་མི་ནོན་དམས་ན་མི་སུམས་པས།། བདུད་ལས་ཕྱིར་བསྐྱེད་བཙན་ལས་གདོང་བྱོལ་བའི།། ཐུར་རྩེ་གང་གི་དབུས་སུ་བརྡེག་པར་བྱ།། ཅེས་གསུངས་པའི་བཅའ་གཞི་དང་གསང་ས་གཏན་ལ་འབེབས་པ་རྣམས་སྔོན་དུ་སོང་ནས་བརྡེག་ཐབས་བསལ་ཐབས་རྣམས་སྔ་མ་དེ་གཉིས་དང་མཐུན་པར་བྱེད་ཅིང་། དེ་ལྟར་སོལ་བའི་ཚད་ལ་ཡང་དེ་ཉིད་ལས། སོལ་ཚད་ཉི་མ་གཟའ་སལ་ཐར་བ་བཞིན།། ཕྲ་རགས་གཟུགས་རྣམས་འཕྲལ་དུ་གསལ་བ་ཡིན།། འོ་ལྟར་བོ་ན་དེ་དུས་མི་གསལ་ཡང་།། ནད་ཆུ་དྭངས་ནས་ག་ལེ་ཕྱི་ནས་གསལ།། ཞེས་དང་། དེ་འོག་མི་ལྡོག་བརྟན་པར་བྱ་བའི་ཕྱིར།། སྐད་འདོན་གློ་ལུ་དབུགས་བསྡམ་གོམ་འགའ་བཅག ། ལོག་ན་བསལ་ཞིང་མ་ལོག་བརྟན་པ་དང་།། ཆུ་བལ་གླན་ལ་དེ་སྟེང་རས་མས་བཅིང་།། མལ་དུ་བསྙལ་ལ་ཐུར་མ་དྲིལ་ཏེ་གདོན།། སྔས་མཐོར་བྱས་ལ་མིག་དེ་འོག་ངོས་བསྟན།། ཅེས་པའང་ཐུར་མ་འཕང་རྗེས་ཀྱི་ཉམས་འཇོག་དགོས་ས་གལ་ཆེན་རྣམས།

གོང་ངོས། མདུང་རྩེ་སོ།
X