//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > ཐུར་མའི་གསོ་ཐབས། > ནང་དོན།

ཟངས་ཐུར་འབྲི་ལྕེ་ཁ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-20 10:40:11 ཀློག་གྲངས། 17 

མིང་གཞན། ཟངས་ཐུར་འབྲི་ལྕེ།

ཆ་བྱད་ཀྱི་རྒྱུ། གསེར་ཟངས་ར་གན་གང་རུང་།

ཆ་བྱད་ཀྱི་རིགས། སྦུབས་མེད་ཀྱི་ཐུར་མ།

དབྱིབས་ཚད། མན་རྒྱུད་མིག་ནད་བར་འགྲིབས་གསོ་བའི་སྐབས་སུ་བསྟན་པའི་ཐུར་མའི་ནང་གསེས་ཤིག་ཡིན་པས་ན་དབྱིབས་ཚད་ཕལ་ཆེར་བྲ་བོ་ཁ་དང་མཐུན་ལ་འདིའི་རྩེ་མོ་འབྲི་མོའི་ལྕེ་དབྱིབས་དང་འདྲ་ཞིང་། ཆེ་ཆུང་རིང་ཐུང་སོགས་ལ་རྒྱུད་དུ། སྲིད་སོར་དྲུག་པ་རྩེ་མོ་རྒྱལ་མོ་གང་།། ཞེང་དུ་དེའི་ཕྱེད་མགྲིན་པ་གྲོ་མགྲིན་ཙམ།། སྲིད་དུ་བར་མཚོན་དོ་དབུས་རི་མོ་དོད།། ཐུར་རྐེད་གྲུ་བཞི་སྦོམ་ལ་ཐུར་ཞབས་ཕྲ།། ཆག་ཚད་ལྡན་པས་སྐྱོན་སྤོང་ཡོན་ཏན་འབྱུང་།། ཞེས་གསུངས་པ་བཞིན།

སྤྱོད་སྒོ། གོང་དང་འདྲ་བར་དབྱེར་རུང་བའི་དུས་ལ་སླེབས་པའི་བར་འགྲིབས་ཀྱི་ནད་བསལ་བའི་ཆོ་གར་སྦྱོར་བར་བྱེད།

ཕན་ནུས། གོང་དང་ཅུང་འདྲ་བར་མིག་ནད་བར་འགྲིབས་ཀྱིས་བསྐྱེད་པའི་ཉེས་སྐྱོན་རྣམས་སེལ་བར་བྱེད་པ།

བཀོལ་སྟངས། བརྡེག་ཐབས་དང་འགྲིབས་བྱེད་རྫས་རོ་བསལ་ཐབས་རྣམས་གོང་དང་འདྲ་བར་བྱེད་ཅིང་གཟོང་ཁ་དང་བྲ་བོ་ཁ་འདྲ་འདི་གསུམ་ལས་རང་རང་ལ་གང་གོམས་གང་བདེ་དེ་རང་བཀོལ་བས་ཆོག་ལ། དེ་ཡང་། ལུས་ཀྱི་བཅའ་གཞི་གཟའ་སྐར་ཚེས་བཟང་ལ།། སྤྲིན་མེད་ཉི་མ་ལྡེ་སར་འདུ་ལོང་བསྡམས།། སྔ་དྲོ་ཤར་བལྟས་ལོ་མཐུན་གཡོག་གིས་བརྟེན།། སྣམ་བུ་གཙང་མས་ལག་པ་རྐེད་པ་དྲིལ།། སྨན་པ་མདུན་ངོས་ནས་ཀྱི་ཁྲི་སྟེང་འདུག ། གཡོག་གིས་རྡོ་གཉིས་མི་འབྱེད་ངོས་སུ་བརྡུང་།། དེ་ཡི་སྒྲ་ལ་ནད་པ་མིག་བལྟར་གཞུག། གསང་ས་ལྷ་མི་བདུད་ཀྱི་བུ་ག་གསུམ།། ཚད་དང་ལྡན་པའི་དར་ཡེས་གསང་མཚོན་ཏེ།། ཞེས་དང་། བརྡེག་ཐབས་གཡོན་པས་མིག་མི་འགུལ་བར་བཟུང་།། གཡས་ཀྱིས་ཐུར་ཞབས་གསང་དེ་བསྟན་བྱས་ལ།། ཐུར་མ་བཟློག་སྟེ་མཐེབ་མཛུབ་གུང་མོས་བཟུང་།། མ་ཞུམ་བརྟན་པས་གསང་དུ་ལེགས་བཙུགས་ལ།། ཐུར་མ་བྱ་མི་འདའ་བའི་མན་ངག་གིས།། མིག་གི་དཀྱིལ་དུ་བསྡིགས་ལ་ནེམས་ཀྱིས་དབུལ།། ལེགས་པུགས་ཕུས་ཞེས་བྱ་བའི་སྒྲ་བྱུང་ནས།། འཚི་མེད་བལ་གྱིས་མིག་ལ་ཆུ་ལྕག་བྱ།། ཞེས་སོགས་གསུངས་པ་ལྟར་ངེས་པར་བྱ།

X