//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཐུན་མིན་གསོ་ཐབས། > སྐྱུགས་ཀྱི་གསོ་ཐབས། > ནང་དོན།

སྐྱུགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-12 9:31:17 ཀློག་གྲངས། 33 

 

སྦྱོང་བྱེད་ལས་ཀྱི་གཉིས་པ་སྐྱུགས་ནི་ལུས་སྟོད་ཀྱི་ནད་སྦྱོང་བ་དང་། ཁྱད་པར་བད་ཀན་གྱི་ནད་འཆའ་བར་བྱེད་པའི་ཐབས་ཞིག་ཡིན་ཏེ།  དེ་ཡང་སྐྱུགས་སྨན་མ་བཏང་གོང་ཟས་སྤྱོད་ཀྱི་སྤང་བླང་ཉེ་བར་བསླབ་ཏེ་གཏོང་རུང་མི་རུང་གི་ནད་གཞིར་ལེགས་པར་བརྟག་རྗེས།  ད་གཟོད་སྐྱུགས་སྨན་གཙོ་བོ་དང་ཁ་འཛིན་གྱི་སྦྱོར་བ་གང་འཚམས་ཀྱིས་ནད་གཞི་དངོས་ལ་དམིགས་ནས་གཏོང་བར་བྱ་བ་དང་།  དེ་ཉིད་གཏོང་བའི་དུས་ནི་ནམ་ལངས་ཀྱི་ཚེ་ཡིན་ཞིང་བཏང་འཕྲལ་ཁ་ནང་ཆུ་གྲང་གིས་ལེགས་པར་བཀྲུ་བཤལ་བྱས་ཏེ་གཏམ་མི་སྨྲ་ཞིང་། ལུས་མི་འཁྱགས་པར་གོས་དྲོན་གོན་ནས་ཙོག་པུར་འདུག་དགོས་ཤིང་།  གལ་ཏེ་སྐྱུག་མུར་ལང་གྱུར་ན་ལན་འགའ་ཙམ་གྱི་བར་ཕྱིར་མི་སྐྱུག་པར་ནང་དུ་མནན་ནས་མཐར་ཅིས་ཀྱང་མནོན་མ་ཐུབ་པར་ཕྱིར་སྐྱུག་བྱུང་ན་དེའི་ཟས་ཀྱི་རང་མདོག་མ་ཉམས་པར་གནས་ན་ལྕག་གིས་དེད་དེ་ཁ་འཛིན་གྱིས་ནད་རོ་ཡོངས་སུ་འདྲེན་པ་དང་།  དྲངས་བའི་སྐྱུགས་ལའང་གྲངས་ཀྱི་སྒོ་ནས་བཞི་ཐ། དྲུག་འབྲིང་། བརྒྱད་རབ་ཙམ་དང་།  དེ་མིན་བུངས་ཚད་ངོས་ནས་བྲེ་ཕྱེད་ཐ།  འབྲིང་བྲེ་གང་། རབ་བྲེ་དོ་དང་། ཁ་དོག་གི་ཆ་ནས་ཀྱང་བད་ཀན་ཁོ་ན་སྐྱུག་པ་ཐ་མ་དང་། བད་ཀན་ཟད་ནས་མཁྲིས་པ་སྐྱུགས་པ་འབྲིང་།  རབ་ཡིན་ན་བད་ཀན་དང་མཁྲིས་པ་གཉིས་ཀ་ཟད་ནས་ཆུའི་མདོག་ཐོན་ན་མཆོག་ཏུ་བཤད་མོད། འོན་ཀྱང་ནད་པའི་ལུས་ཟུངས་བཟང་ཞིང་ནད་མཇུག་མ་ཐོན་པ་ལ་མུ་མཐུད་དུ་སྐྱུགས་སྨན་བསྐྱེད་དེ་གཏོང་བ་དང་། ཡང་ན་ནད་ཐོན་ཡང་ཟུངས་ཀྱི་བཟང་ངན་ལ་དཔག་ནས་ལྕག་གི་གཏོང་འཕྲོ་གཅོད་ཤེས་དགོས་པ་ཡང་གནད་ཅིག་ཡིན། དེ་ལྟར་སྦྱར་བའི་སྐྱུགས་སྨན་ཕན་ཡོན་ནི་དབང་པོ་གསལ་ལ་ལུས་ཀྱི་བད་ཀན་དག་པས་ལུས་ཡང་བ་དང་། ཁྱད་པར་དུ་ཕོ་བའི་བེ་སྣབས་ཕྱིར་ཐོན་ནས་མེ་དྲོད་འབར་ཏེ་དང་ག་བདེ་ཞིང་ཁའི་དྲི་མ་རྣམས་ཀྱང་སྦྲགས་ནས་སྦྱངས་བས་ཁ་དྲི་དག་པར་འགྲོ་བ་དང་། གཞན་མཆིལ་མ་དང་སྣབས། ལུད་པ་སྔར་ཡོད་རྣམས་ཀྱང་དག་པར་བྱེད་ཅིང་ཕྱིས་ཉུང་བར་བྱེད་པ་སོགས་ནུས་པ་ལྡན།  

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X