//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཀླད་སྙིང་ནད། > སྙིང་འཕྱོས། > ནང་དོན།

སྙིང་འཕྱོས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 14:27:05 ཀློག་གྲངས། 34 

སྙིང་འཕྱོས་ནི་མྱ་ངན་དང་ཞེ་སྡང་དྲག་པོ་སོགས་ཀྱིས་གྱེན་རྒྱུ་རླུང་འཁྲུགས་པར་བྱས་ནས་དྲན་པའི་དབང་པོ་མི་གསལ་བར་གྱུར་བའི་ནད་ཅིག་ལ་ཟེར།

རྒྱུ་རྐྱེན།

མྱ་ངན་དང་སེམས་ལས་ཆེན་པོ་བྱེད་པ། སེམས་འཁྲུགས་པ་དང་ཡིད་མི་བདེ་བ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

ལུས་རྟགས།

མགོ་ན་ཞིང་བརྗེད་ངས་ཆེ་བ་དང་ཤེས་པ་འཕྱོ་ལ་དོན་མེད་དུ་སྙིང་མི་དགའ་བ། རེས་འགའ་མ་དྲིས་ཀྱང་མུ་ཅོར་སྨྲ་བ་དང་རེས་འགའ་དྲིས་ཀྱང་ལན་མི་ལྡོག་པ། ལྐོག་བརྡ་སྤྲོད་ལུགས་བྱེད་ཀྱང་གཞི་རྩའི་དྲན་ཤེས་གསལ་བ། སྐབས་རེར་ངུ་འབོད་བྱེད་པ་དང་སྐབས་རེར་གླུ་གཞས་གཏོང་བ། གནས་གཅིག་ཏུ་སྡོད་མི་ཐུབ་པ། རང་གི་ཞེན་ཆགས་བྱེད་ས་གང་ཡིན་པ་དེར་སེམས་འཁོར་ནས་བྱ་བ་བྱེད་པ།

ཇེ་སྡུག་ཏུ་སོང་ཚེ་ལུས་ཀུན་ཟུག་ཅིང་གློ་བུར་དུ་དྲན་པ་ཐོར་ནས་སར་འགྱེལ་ཏེ་སྐར་མ་ཁ་ཤས་རིང་དབུགས་སྒོང་བའམ་ཡང་ན་འཚང་ཆེ་བ། མིག་བཙུམས་ཤིང་ཁ་མི་གྲགས་པར་སྡོད་པ། ཡན་ལག་རེངས་པ། གཞན་ཡང་བྲང་གཞུང་དཀར་ནག་མཚམས་སོགས་སུ་རླུང་གསང་རྣམས་བརྫིས་ནས་ན་བ་དང་མ་བཅོས་རྙིངས་ན་སྙིང་རླུང་སྨྱོན་པར་འགྱུར་བ་ཡིན།

རྩ་རྟགས།  

འཕར་རྩའི་རྒྱུ་བ་སྟོང་ཞིང་ཅུང་འདར་ལ་ངང་རྒྱུད་མི་སྙོམས།

ཆུ་རྟགས།

དྲི་ཆུའི་མདོག་སྔོ་ཞིང་སླ་ལ་ལྦུ་བ་ཆེ་བ།

ལྕེ་རྟགས།

ལྕེ་དམར་ལ་རྩུབ་པ། སྐབས་འགར་གྱོང་བའམ་ཡོད།

གཞོགས་འདེགས་བརྟག་དཔྱད།

ནད་གཞི་མངོན་གསལ་ལྡང་དུས་སྙིང་རིས་ལས་སྙིང་གི་འཕར་ཚུལ་མི་སྙོམས་པའི་རྟགས་མངོན་པ། དེ་མིན་འཕྲུལ་ཆས་བརྟག་འབྲས་ལས་འགྱུར་ལྡོག་ཡོད་པ་མི་གསལ།

འཁྲུལ་སོ་བསལ་བ།

སྙིང་འཕྱོས་ནད་འདི་སྲོག་རླུང་དང་སྨྱོ་ནད་ལ་ནོར་ཉེན་ཆེ་སྟེ། སྙིང་འཕྱོས་ནད་ནི་གཙོ་བོ་ཤེས་པ་འཕྱོ་བ་དང་བརྗེད་ངས་ཆེ་བ། ནད་རྙིངས་ཚེ་སྨྱོ་ནད་དུ་འགྱུར་བ། དེའི་རྒྱུ་རླུང་དང་རྐྱེན་བསམ་བློར་ཕོག་ཐུག་བཏང་བ་སོགས་མངོན་པས་འདྲ་བར་སྣང་ཡང་ཁྱད་པར་སྙིང་འཕྱོས་མགོ་ན་ཞིང་དོན་མེད་དུ་སྙིང་མི་དགའ་བ་དང་ཤུ་ཡིས་འདེབས་པ་དང་སྨྲ་འཆལ་བ་ཡིན། སྲོག་རླུང་ནི་དབུགས་ནང་དུ་སྡུད་དཀའ་བ་དང་དོན་མེད་དུ་ངུ་འདོད་སྐྱེས་པ་ཡིན། སྨྱོ་ནད་སྙིང་རླུང་མ་བཅོས་རྙིངས་པ་དང་ཡང་ན་གདོན་གང་ཞུགས་པ་ལས་དེའི་རྟགས་སྟོན་པ་ཡིན་པས་འཁྲུལ་སོ་སེལ་དགོས།

བཅོས་ཐབས།

གསོ་ཚུལ།

རླུང་ཁ་གནོན་པ་དང་ནད་བབ་དང་བསྟུན་ནས་སྨན་དཔྱད་སོགས་མཛོ་ཁལ་ལུག་ཁལ་ལྟ་བུའི་བཅོས་བསྟེན་དགོས།

གསོ་ཐབས།

ཟས། གསར་བཅུད་འཇུ་སླ་བའི་ཟས་དང་འབྲི་དང་མཛོ་མོ་ལུག་གི་འོ་མ་བསྐོལ་བ་དང་ནོར་ལུག་གི་ཤ་ཁུ་སྣུམ་མེད་པ་སོགས་བསྟེན་དགོས། ཇ་རྒོད་དང་བཅུད་མེད་ཀྱི་ཁ་ཟས་རིགས་སྤང་དགོས།

སྤྱོད་ལམ། ནད་རྐྱེན་གསལ་བོར་བརྟགས་ནས་འཚོ་བའི་འདུ་ཤེས་འཛིན་ཚུལ་ཁོང་ཡངས་ཤིང་དཀྱེལ་ཆེ་བ་དང་། ཡིད་འོང་གི་གྲོགས་དང་སྙན་མོའི་ཚིག་གིས་བསམ་བློའི་ཁ་ཕྱོགས་བསྒྱུར་ནས་སེམས་གསོ་གང་ལེགས་བྱ་དགོས།

སྨན། ཐོག་མར་སྔ་མོ་བྱེ་རེངས་སེམས་བདེ་དང་ཉིན་གུང་བརྒྱད་ལྔ། ཕྱི་དྲོ་འབྲོང་རྩེ་ཨར་བརྒྱད། དགོང་མོ་ཨ་གར་སོ་ལྔ་ཤ་ཁུའམ་འོ་མས་ཕུལ་དགོས། གསོ་བྱའི་ནད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྨན་བི་མ་ལ་དང་ཛཱ་ཏི་བཅུ་བཞི། བཙན་དུག་སྨན་མར་སོགས་དང་དེ་མིན་རྒྱུད་དང་ཉམས་ཡིག་གཞན་ནས་བསྟན་པའི་འབྲེལ་ཡོད་སྨན་སྦྱོར་དང་ཡང་ན་རང་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཅོས་ན་ལེགས།

དཔྱད། མཐིལ་བཞི་རླུང་གི་གསང་ཡིན་པས་སྣུམ་བཞིས་བྱུགས་ན་ཕན་པ་ཆེ་བ་ཡིན། དེ་མིན་བསྐུ་མཉེ་དང་དྲོད་དུགས་བྱེད་པ་དང་། རྒྱབ་ཀྱི་ཚིགས་པ་བདུན་པ་དང་བྲང་གཞུང་དཀར་ནག་མཚམས། སྤྱི་གཙུག་བཅས་ཀྱི་གསང་རྣམས་སུ་མེ་བཙའ་འཇོག་པར་བརྟེན་ནས་གསོ་བཅོས་བྱ་དགོས།

ཕན་འབྲས་ཚད་གཞི།    

སངས་དྲག  

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

མགོ་ན་ཞིང་བརྗེད་ངས་ཆེ་བ་དང་ཤེས་པ་འཕྱོ་ལ་དོན་མེད་དུ་སྙིང་མི་དགའ་བ། རེས་འགའ་མ་དྲིས་ཀྱང་མུ་ཅོར་སྨྲ་བ་དང་རེས་འགའ་དྲིས་ཀྱང་ལན་མི་ལྡོག་པ། སྐབས་རེར་ངུ་འབོད་བྱེད་པ་སོགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X