//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཀླད་སྙིང་ནད། > མགོ་རླུང་། > ནང་དོན།

མགོ་རླུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 14:21:21 ཀློག་གྲངས། 47 

མགོ་རླུང་ནི་ཐ་མལ་དུ་གནས་པའི་རླུང་གི་བྱེད་ལས་འཁྲུགས་ནས་མགོ་སྟེ་རང་རྒྱུད་གནོད་བྱ་ལ་ཞུགས་ནས་ཀླད་པའི་དབང་རྩའི་ནུས་པ་ཉམས་ཞན་དུ་གྱུར་པའི་ནད་དོ།།

རྒྱུ་རྐྱེན།

སེམས་ལས་མང་བ་དང་། མྱ་ངན་ཆེ་བ། རིག་པ་གཅུན་དྲགས་པ་སོགས་ཀྱིས་སློང་བ།

ནད་རྟགས།

ལུས་རྟགས།

མགོ་ཡུ་འཁོར་བ་དང་རྣ་བ་འུར་བ། སྟོང་སྐྱུགས་བྱེད་ཅིང་ལངས་ན་འགྱེལ་བ། ཕྱི་ཡུལ་འཁྱོམས་པ་སྟེ་སྣང་ངོར་གཡོ་བར་བྱེད་པ།

རྩ་རྟགས།

འཕར་རྩའི་རྒྱུ་བ་རྐྱལ་སྟོང་སྐབས་སུ་སྡོད་པ།

ཆུ་རྟགས།

དྲི་ཆུ་སྔོ་ལ་སླ་བ། རླངས་པ་ཆུང་ལ་ཡུན་ཐུང་བ། དྲི་མ་མེད་པའམ་ཡང་ན་ཆུང་བ། ལྦུ་བ་སྔོ་ལ་ཆེ་བ། ཀུ་ཡ་སྤུ་དང་འདྲ་བ། སྤྲིས་མ་སྲབ་པ། རླངས་པ་ཡལ་རྗེས་ལྡོག་པ་དང་། ལྡོག་ཚུལ་གང་སྲབ་མཐའ་ནས་ལྡོག་པ། ལོག་རྗེས་སྔོ་ལ་སླ་བ།

ལྕེ་རྟགས།

ལྕེ་དམར་ཞིང་སྐམ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

མགོ་རླུང་ནི་མགོ་བོར་རླུང་ནད་ཞུགས་པས་མགོ་ཡུ་འཁོར་བ་དང་རྣ་བ་འུར་བ་བཅས་ཀྱི་རྟགས་འབྱུང་བས། རྒྱུན་ལྡན་གྱི་ཁྲག་པྲ་ལས་ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དཀར་པོའི་ཚད་ཇེ་དམའ་རུ་འགྲོ་ལ་ཕྲ་ཕུང་གི་བོངས་ཚད་ཇེ་ཞན་དུ་འགྲོ་ངེས། སྙིང་གི་ནུས་པ་ཇེ་ཞན་དུ་འགྲོ་བ། ཁྲག་ཤེད་སྔོན་ལས་ཇེ་དམའ་རུ་འགྲོ་བ། ཁྲག་གི་སྙོམས་ཚད་རྒྱུན་ལྡན་ལས་གར་པོར་གྱུར་ཏེ་ལུས་ཁམས་མི་བདེ་བ། མགོ་བོར་CTགྱིས་བརྟག་དཔྱད་བྱས་པས་ཀླད་སྙིང་ལ་སྐྱོན་ཞུགས་པ་མཐོང་རྒྱུ་ཡོད།

འཁྲུལ་སོ་བསལ་བ།

མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་པ། རྣ་བ་འུར་བ་སོགས་ཀྱི་ཆ་ནས་ཀླད་སྐྲན་དང་གཟའ་ནད། ཁྲག་ཟད་པའི་ནད་སོགས་དང་ནོར་ཉེན་ཆེ།

ཀླད་སྐྲན་དང་འཁྲུལ་སོ་བསལ་བ། ཀླད་སྐྲན་ནི་བྱུང་བའི་དུས་ཚིགས་ལ་ངེས་པ་མེད་ཅིང་། རིམ་བཞིན་ཀླད་པའི་གནས་ངེས་ཅན་ལ་བཙིར་གནོན་ཐེབས་པས་ཡན་ལག་གི་བྱེད་ལས་དང་ཚོར་བ་ཉམས་པ། དེ་མིན་CTགྱིས་བརྟག་དཔྱད་བྱས་ཏེ་ཁྱད་པར་གྱི་ནད་འགྱུར་མངོན་པ་ལས་འཁྲུལ་སོ་བསལ་དགོས།

གཟའ་ནད་དང་འཁྲུལ་སོ་བསལ་བ། གཟའ་ནད་ལ་ཐོག་མར་གོང་གི་ན་ལུགས་དག་སྟོན་ཀྱང་ཁྱད་པར་དུ་ནད་བྱུང་མྱུར་ལ་མང་ཆེ་ཤས་གཟའ་རྒྱུ་བའི་དུས་སུ་འཛིན་པ་དང་། གཞོགས་ངོས་ཞ་བའམ་ལུས་ཡོངས་ཞ་བ། མིག་རྩ་དམར་ལ་གྲུང་བ། ཁ་ལྕེ་ལྐུགས་པ། ཚོར་བ་ཉམས་པའམ་བེམ་པ་བཅས་ཀྱི་ན་ལུགས་ལས་འཁྲུལ་སོ་བསལ་དགོས།

ཁྲག་ཟད་པའི་ནད་དང་འཁྲུལ་སོ་བསལ་བ། ཁྲག་ཟད་པ་ནི་མཚོན་རྨ་ཕོག་པ་སོགས་གློ་བུར་བའི་ཕྱི་རྐྱེན་དང་བད་ཀན་སྨུག་པོ་བརྡོལ་བ་སོགས་ནང་རྐྱེན་གང་རུང་གིས་ཟུངས་ཁྲག་ཤོར་བ། ཡང་ན་ནད་ཀྱི་རྐྱེན་ལས་ཟུངས་ཁྲག་ཟད་པ་སོགས་སློང་བའི་རྒྱུ་རྐྱེན་གྱི་སྒོ་ནས་བརྟག་ན་ངེས་ཤིང་། ཁྱད་པར་དུ་མིག་ལྕིབས་ཀྱི་ནང་ངོས་དཀར་བ་ལས་འཁྲུལ་སོ་བསལ་དགོས་སོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X