//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > ཕོ་འབྲས། > ནང་དོན།

ཕོ་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 9:07:04 ཀློག་གྲངས། 48 

ཕོ་འབྲས་ཀྱི་ནད་ནི་ཕོ་བའི་དོན་སྒོ་དང་ཕོ་བའི་རྫེམས། ཕོ་བའི་གུག་ཆུང་སོགས་ཀྱི་གནས་སུ་འབྲས་སྐྱེས་ནས་མཐར་ཟས་སྐོམ་མི་ཐར་བའི་ནད་ཅིག་རེད།

རྒྱུ་རྐྱེན།

ཧམ་རུལ་ཐེབས་པའི་ཟས་སྐོམ་རིགས་དང་། རྗེན་པ། མཁྲེགས་པོ། ཆང་རྒན་སྐྱུར་པོ་སོགས་དང་། མདོར་ན་ཕོག་ཐུག་ཡོད་པའི་ཟས་སྐོམ་རིགས་དང་། སྨུག་པོ་རྨ་ངན་ཡུན་རིང་ལུས་པ་སོགས་ཀྱིས་བསླངས་པའོ།།

ནད་རྟགས།

ལུས་རྟགས།

ལྟོ་སྦོ་ཟས་ལ་འཁྲེན་ཞིང་མིད་པ་ན་ལ་འཇུ་སྟོབས་ཞན་པ། ཕོ་བར་རྒྱུན་མཐུད་ཀྱིས་ན་ཟུག་གཏོང་བ། ཟས་ཟོས་རྗེས་ལྷག་པར་ན་བ། ལུས་སྟོབས་དང་ཟུངས་ཁྲག་རིམ་གྱིས་ཟད་པ། སྨུག་པོ་བརྡོལ་བ་འབྲས་སུ་གྱུར་ཚེ་བྲང་ཚ་ཆུ་སྐྱུར་དུད་ཁུ་ཅན་སྐྱུགས་པ་ཡིན།

རྗེས་སུ་ཟས་སྐོམ་ཁར་སོང་ཚད་འཕྲལ་མར་སྐྱུགས་པ་དང་ཕོ་ཁར་འདྲིལ་བས་ལག་པས་རེག་ཚེ་འབྲས་རྡོག་མཁྲེགས་པོ་ཅན་མྱོང་ཐུབ། རིམ་བཞིན་ཇེ་སྡུག་ཏུ་སོང་ནས་ཁ་ཟས་མཁྲེགས་པོ་རིགས་མིད་མི་ཐུབ་པ་དང་ཁ་ཟས་ཡང་ཡང་སྐྱུགས་པ། ལུས་སྟོབས་ཉམས་ནས་ལུས་ཤ་ཇེ་སྐམ་དུ་སོང་ལ་བཤང་བ་འབབ་དཀའ་བ། ཟུངས་ཁྲག་ཟད་པ། མཐར་ཁ་ཟས་མིད་མི་ཐུབ་ཅིང་ཚ་བ་རྒྱག་པ། རྐང་བའི་བོལ་གོང་སོགས་སྐྲངས་པ། མིག་སྤྲིན་དང་ལྕེ་མཆུ། སེན་མོ་སོགས་ཀྱི་མདོག་སྐྱ་ལ་མདངས་ཞན་པ། སྐེ་འོག་དང་མཆན་འོག་གི་རྨེན་བུ་སྐྲངས་པ།

རྩ་རྟགས།

རྩ་རྒྱུད་ཞན་ལ་ཀན་རྩ་ཞར་བ།

ཆུ་རྟགས།

དྲི་ཆུའི་མདོག་དམར་སྨུག་ཅན་ལ་ཀུ་ཡ་དང་སྤྲིས་མ་མངོན་པ་སོགས་ཀྱིས་རྟགས་འབྱུང་།

ལྕེ་རྟགས།

ལྕེ་དམར་སྨུག་ལ་དྲེག་པ་སྐྱ་སེར་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་དམར་སྤྲི་དཀར་དམའ་བ་དང་ཁྲག་འབྱིང་ཇེ་མགྱོགས་ཡིན་པ། བཤང་བར་ཡིབ་ཁྲག་ཚོད་ལྟ་བརྟག་དཔྱད་བྱས་ན་གདགས་གཤིས་མངོན་པ། ཕོ་ཤེལ་བརྟག་དཔྱད་དང་། པེད་ཚད་གློག་པར་བརྟག་དཔྱད། ཕུང་གསོན་བརྟག་དཔྱད་སོགས་བྱས་ན་ནད་གསལ་བོར་ངོས་འཛིན་བྱེད་ཐུབ།

འཁྲུལ་སོ་བསལ་བ།

འཇུ་སྟོབས་ཞན་པ། ཕོ་བར་ན་ཟུག་གཏོང་བ། ཟས་ཟོས་རྗེས་ན་བ། ལུས་སྟོབས་དང་ཟུངས་ཁྲག་རིམ་གྱིས་ཟད་པ། བྲང་ཚ་ཆུ་སྐྱུར་དུད་ཁུ་ཅན་སྐྱུགས་པ། ཟས་སྐོམ་སྐྱུགས་པ་ལས་ཕོ་བའི་བད་ཀན་དང་། ཕོ་བ་སྙོང་བུ། ཕོ་བ་དུག་ཐབས། ཕོ་སྐྲན། ཕོ་སྨུག་བཅས་ལ་ནོར་ཉེན་ཆེ་སྟེ། ཕོ་བའི་བད་ཀན་ནི་ཕོ་བར་འཚིང་སྒྲེག་མང་ཞིང་ཟས་མི་འཇུ་བ། ཁྱད་པར་བསིལ་ཟས་དང་འཇུ་དཀའ་བའི་རིགས་ཟོས་རྗེས་ན་བ་དང་། ལུས་རྔུལ་གྲང་རྗེས་ན་བ། ཟས་ལ་འཁྲེན་ཡང་ཟས་ཟོས་མ་ཐག་ཏུ་འབྱར་བག་ཅན་སྐྱུགས་པ་དང་ཟས་མདོག་ལྟར་འཁྲུ་བ་ཡིན།

ཕོ་བ་སྙོང་བུ་ནི་ན་བ་དེ་ཡིན་ལ་དེང་ངེར་བརྗེད་རྒྱུ་མེད་པར་དུས་རྒྱུན་དུ་ན་བ།

ཕོ་བ་དུག་ཐབས་ནི་ཁ་ཟས་མི་འཇུ་བ་དང་མིད་པ་ན་བ། བྲང་གར་ཚ་ཤུར་རྒྱག་པ་དང་། ཆུ་ཚན་སྐྱུགས་པ། ཤ་འབྲོས་རིད་པས་ལྟོ་བའི་ངོས་ཀྱི་རྩ་བཀྲ་བ་དང་། ཟས་ཟོས་མ་ཐག་ཏུ་སྐྱུགས་པ།

ཕོ་བའི་ཁྲག་སྐྲན་ནི་ཚ་ཞིང་གཟེར་བ། མནན་ན་འཕར་ཞིང་བཟའ་བཏུང་བསིལ་དྲོད་གཉིས་ཀ་གནོད་པ་དང་འགྲངས་ལྟོགས་གྲང་དྲོས་གང་ལའང་ཁྱད་མེད་དུ་ན་བ།

ཕོ་སྨུག་ནི་རྒྱུན་དུ་ཕོ་བ་ན་ལྷང་ངེར་སྡོད་པ་དང་བྲང་ཚ་ཆུ་སྐྱུར་སྐྱུགས་པ། ལྟོ་བ་སྦོས་བརྒྱངས་དང་ཡར་སྒྲེགས་པ། མདུན་རྒྱབ་སྦྲགས་ཏེ་ན་བ། ཡང་ན་གཟེར་ཟུག་དྲག་པོ་ལངས་ནས་ཁྲག་རུལ་སྐྱུགས་པ། བཤང་བ་སྐམ་ནག་ཤ་རུལ་འདྲ་བ་ཆགས་པ། ཆང་རག་འཐུངས་པ་དང་ལུས་ཁམས་འཁྱགས་པ། གནམ་གཤིས་འགྱུར་ལྡོག་བྱུང་བ་སོགས་ཀྱི་སྐབས་སུ་ནད་གཞི་ཇེ་སྡུག་ཏུ་འགྲོ་བ། ཕོ་བར་གནོན་ཟུག་ལྡང་ལ་གསུས་ཤ་མཁྲེགས་པོར་འགྱུར་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X