//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཕོ་རྒྱུའི་ནད། > ཕོ་ཚད། > ནང་དོན།

ཕོ་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-02-10 8:48:05 ཀློག་གྲངས། 90 

ཕོ་ཚད་ཀྱི་ནད་ནི་ཕོ་བར་ཚ་བ་འགྲམས་ནས་ཕོ་སུལ་གྱི་ཆ་ཤས་ལ་དམར་སྐྲངས་ཆགས་པའམ་གཉན་ཁ་རྒྱས་པའི་རྒྱུན་མཐོང་གི་ནད་ཅིག་ཡིན་པ་དང་། ནད་འདིར་ན་གཟེར་ཆེ་ཆུང་སྣ་ཚོགས་འབྱུང་ལ་ཕོ་བའི་ནད་ཕལ་ཆེར་ཞིག་གི་སྣ་འདྲེན་ཡིན། གསོ་བཅོས་དུས་ལས་མ་འདའ་ན་གསོ་བར་སླ་བ་ཞིག་དང་། དུས་ལས་འདའ་ན་ནད་གཞན་སྐྱེད་པར་བྱེད་པ་ཞིག་གོ།

རྒྱུ་རྐྱེན།

ཟས་རིགས་ཚྭ་སྐྱུར་ཏེ་ཙི་ཏྲ་ཀ་དང་། གཞན་རུལ་སུངས། བཙོག་པ། མ་གོམས་པ་སོགས་བསྟེན་དྲགས་པ། ཟས་དུག་ཕོག་པ། ཆང་མང་དུ་བསྟེན་དྲགས་པ། འགྲངས་རྗེས་རླན་གྲང་ཆེ་བའི་གནས་སུ་སྡོད་དྲགས་པ། གློ་བུར་དུ་ཁོང་ཁྲོ་ཆེན་པོ་ལངས་པ་བཅས་ཡིན།

ནད་རྟགས།

ལུས་རྟགས།

ཟས་སྐོམ་ཚ་ཆེས་གྲང་ཆེས་གང་ཟོས་ཀྱང་ཕོ་བར་ན་ཟུག་གཏོང་བ་དང་ཚ་འབྲབ་རྒྱག་པ། དང་ག་མི་བདེ་བར་སྐྱུག་མེར་ལངས་པ། སྐབས་སྐབས་སུ་འཁྲུ་བ། བྲང་ཚ་བ། ཆུ་སྐྱུར་ལངས་པ།

དུས་ཐོག་ཏུ་བཅོས་སྐྱེད་མ་ཐུབ་ཚེ་རྒྱུན་ཏུ་ཕོ་བ་ན་ལྷང་ངེར་སྡོད་པ་དང་མེ་དྲོད་ཉམས་ཏེ་ཟས་འཇུ་དཀའ་བ། ན་ཟུག་མེད་པར་བཤལ་བའམ་སྐྱུགས་པ། ལུས་སྟོབས་འཆོར་བ། ཚབས་ཆེ་བར་ཟུངས་ཁྲག་ཀྱང་ཉམས་པའི་སྣང་ཚུལ་འབྱུང་ལ། ནད་གཞི་ཁག་ཅིག་ཕོ་རུབ་ཀྱི་ནད་དུའང་འགྱུར་སྲིད།

རྩ་རྟགས།  

འཕར་རྩའི་རྒྱུ་བ་འབུར་ལ་ཀན་རྩ་འདྲིལ་བ་དང་། ཡུན་ལོན་ན་འཕར་རྩ་ཕྲ་ལ་ཞན་པ་སོགས་འབྱུང་བ།

ཆུ་རྟགས།

དྲི་ཆུ་དམར་སེར་ཀུ་ཡ་དང་སྤྲིས་མ་ཆེར་མེད་པ་སོགས་ཀྱི་རྟགས་ཡོད།

ལྕེ་རྟགས།

ལྕེ་ལ་དྲེག་པ་སྐྱ་བོ་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

ཕོ་ཤེལ་བརྟག་དཔྱད་ལས་ཕོ་བའི་ནང་སུལ་དང་གུག་ཆེན་སོགས་ལ་གཉན་ཚད་དང་དམར་སྐྲངས་ཆགས་པ་གསལ་བ་དང་། དེ་མིན་ཚབས་ཆེ་རུ་སོང་ན་ཕོ་བའི་ནང་སུལ་དུ་ཁྲག་ཐིགས་དམར་འབྲུམ་ཆགས་པའང་འབྱུང་ངོ་། གཞན་དོན་སྒོའི་དུང་འཁྱིལ་ནད་སྲིན་ཡང་བརྟག་དཔྱད་བྱས་ཆོག

འཁྲུལ་སོ་བསལ་བ།

ཟས་སྐོམ་ཚ་ཆེས་གྲང་ཆེས་གང་ཟོས་ཀྱང་ན་ཟུག་གཏོང་བ་དང་ཚ་འབྲབ་རྒྱག་པ། དང་ག་མི་བདེ་བ་སྐྱུག་མེར་ལངས་པ། སྐབས་སྐབས་སུ་འཁྲུ་བ། བྲང་ཚ་བ། ཆུ་སྐྱུར་ལངས་པས་ཕོ་སྨུག་དང་ཕོ་བའི་དུག་ཐབས་གཉིས་ལ་ནོར་ཉེན་ཆེ་སྟེ། ཕོ་སྨུག་ནི་སྒྲེགས་སྐྱུགས་བྱེད་པ་དང་ཟས་ཟོས་རྗེས་ན་བ། དྲོད་གྲང་དྲགས་པའི་དུས་སུ་ལྡང་ཞིང་མདུན་རྒྱབ་སྦྲགས་ཏེ་ན་བ། ཕོ་བར་གནོན་ཟུག་ཡོད་པ། གསུས་ཤ་མཁྲེགས་པོར་འགྱུར་བ། གཟེར་ཟུག་དྲག་པོ་ལངས་ནས་ཁྲག་རུལ་སྐྱུགས་པ། ཁྱད་པར་དུ་ཆུ་སྐྱུར་ལངས་པ་དང་། ཁྲག་རུལ་དུད་ཁུ་སྐྱུགས་པ། བཤང་བ་སྐམ་ནག་ཤ་རུལ་འདྲ་བ་ཆགས་པས་མི་ནོར་ལ། ཡང་ཕོ་བའི་དུག་ཐབས་ནི་ཁ་ཟས་མི་འཇུ་ཞིང་དང་ག་འགགས་པ་དང་། མིད་པ་ན་ལ་ཚ་ཤར་བྱེད་པ། ཆུ་ཚན་སྐྱུགས་པ། ཤ་འབྲོས་ལུས་ཤ་རིད་ནས་གསུས་རྩ་བཀྲ་ལ་ཟས་ཟོས་མ་ཐག་ཏུ་སྐྱུགས་པ་ལས་ངེས་སོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X