//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > མོ་ནད། > མངལ་མི་འཁོར་བ། > ནང་དོན།

མངལ་མི་འཁོར་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 11:25:44 ཀློག་གྲངས། 28 

མངལ་མི་འཁོར་བ་ནི་གཉེན་སྒྲིག་བྱས་ནས་ལོ་ཤས་ཕྱིན་རུང་ད་དུང་མངལ་མི་ཆགས་པར་ཟེར་ཏེ། དཔེར་ན་ས་བོན་མེད་པའི་ཞིང་ས་དང་། ཞིང་ས་ངན་པ་ལ་ས་བོན་བཏབ་དང་མཚུངས་ཞེས་བསྟན་པ་ལྟར་ས་བོན་ཕའི་ཁུ་བ་དང་ཞིང་ས་དང་འདྲ་བའི་མའི་ཁམས་དམར་རམ་བུ་སྣོད་སོགས་ཕྱོགས་གཉིས་པའི་རྒྱུ་རྐྱེན་ལ་རག་ལས་པའི་ནད་ཅིག་གོ།

རྒྱུ་རྐྱེན།

གདོན་གྱི་རིགས་ལས་གནོད་པར་གྱུར་པ། ཟས་སྤྱོད་དམན་ལྷག་ལོག་པས་འདུ་བ་འཁྲུགས་པ། མའི་ཁོང་དུ་བུ་རོའམ་ནད་རོ་ལུས་པ། བུ་རྩི་ཞེས་བུ་མི་འབྱུང་བའི་སྨན་སོགས་བཏང་བ། མོ་གཤམ་ཞེས་བུ་འབྱུང་མི་སྲིད་པ།

ནད་རྟགས།

ལུས་རྟགས།

སྐྱེས་པའི་ཐད་ལུས་ཁམས་ལ་གཅོང་ནད་རིགས་ཡོད་པ་དང་། ལུས་སྟོབས་ཉམས་པ། ཕོ་མཚན་མི་ལྡང་བ། ཁུ་བ་ཟད་པ། བསམ་བསེའུ་དང་སྒོང་རིལ་སྒོང་ཟུར་རིགས་སྐྲངས་པ་དང་ན་ཟུག་གཏོང་བ་སོགས་ཀྱི་མངོན་ཚུལ་ཡོད་པ།

བུད་མེད་ཐད་ཟླ་མཚན་གྱི་མདོག་མི་ལེགས་པ་དང་མི་སྙོམས་པ། མངལ་གྱི་དྲོད་ཉམས་པ། ལུས་ཁམས་ལ་གཅོང་ནད་རིགས་ཡོད་པ། ལུས་ཞན་པ། དེ་མིན་མངལ་ཁ་འཆུས་པའམ་ཁམས་དམར་རྒྱུ་བའི་རྩ་འགགས་པ། བུ་སྣོད་ཀྱི་ཆགས་ཚུལ་རྒྱུན་ལྡན་མིན་པ་སོགས་ཀྱི་མངོན་ཚུལ་ཡོད།

རྩ་རྟགས།

རྩ་རྒྱུད་ཞན་ཞིང་ཆགས་རྩ་ཅུང་གྲིམས།

ཆུ་རྟགས།  

ཆུ་མདོག་དམར་ལ་ངོ་བོ་རྙོག ཀུ་ཡ་མཐུག

ལྕེ་རྟགས།

ལྕེ་མདོག་མ་ངེས་པ།

གཞོགས་འདེགས་བརྟག་དཔྱད།

གྲང་དཀར་གྱི་མདོག་དང་དེར་ཕྲ་མཐོང་མེ་ཤེལ་ལས་བརྟག་པས། མདོག་སེར་ལ་རྣག་ཅན་མི་གཙང་བའི་ཚད་མཐོ་བ། གཞན་ Bསྒྲ་བརྒལ་ལས་བུ་སྣོད་དང་ཞར་ཆས་ཀྱི་དབྱིབས་དང་འཚར་སྐྱེས་གནས་ཚུལ་བརྟག་པ།

འཁྲུལ་སོ་བསལ་བ།

ཟླ་མཚན་སེར་ལ་དུས་མིན་འཛག་པ། མངལ་གྱི་ཁ་ཧར་པོར་ཡོད་པ་སེམས་ཤིང་། སྐབས་སུ་མངལ་ཁྲག་སྡོམ་ཞིང་རྒྱུ་ཞབས་སྦོ་བར་བྱེད་པས་མངལ་ནད་རླུང་གྱུར་དང་ནོར་ཉེན་ཆེ་བ་དང་། རྒྱུ་ཞབས་ཚ་འབྲབ་བྱེད་ཅིང་མངལ་ཁྲག་དུད་ཁུ་དང་རྣག་ལྟ་བུ་འཛགས་པས་མངལ་ནད་མཁྲིས་གྱུར་དང་ནོར་ཉེན་ཆེ་བ། མངལ་ཁྲག་ཞོའི་ཁ་ཆུ་འདྲ་བ་འཛག་ཅིང་གྲང་ཤས་ཆེ་བས་མངལ་ནད་བད་གྱུར་དང་ནོར་ཉེན་ཆེ་མོད། གོང་རྣམས་ནི་བུད་མེད་ཀྱིས་བུ་བཙས་རྗེས་སུ་བྱུང་མང་བ་དང་། བུ་མེད་པ་བཙལ་བའི་སྐབས་སུ་བུད་མེད་མངལ་ཆགས་མ་མྱོང་བ་ལ་འདུ་བ་འཁྲུགས་པ་དང་དུས་གདོན་སོགས་ཀྱིས་བསྐྱེད་པའོ།། གཞན་ཡང་རྒྱུ་ཞབས་དང་མཁལ་མ། ཚིགས་པ་ན་ལ་ཟླ་མཚན་དུས་མིན་དུ་འཛག་པ་བཅས་མོ་ནད་རླུང་ཚབས་དང་ནོར་ཉེན་ཆེ་མོད། རླུང་ཚབས་ནད་ནི་བྱིས་པ་བཙས་རྗེས་བྱུང་མང་བ་དང་། ནད་ཡུན་རིང་བོར་ཕྱིན་པ། ལོ་ན་རྒས་པའི་རིགས་ལ་བྱུང་མང་བའི་ནད་རིགས་ཡིན་པས་གོང་གི་ནད་དག་དང་ཁྱད་པར་འབྱེད་ཐུབ།

གསོ་ཐབས།

གསོ་ཚུལ།

ཐོག་མར་གཉན་ཁ་གཅོག་པ་དང་། བར་དུ་འདུ་བ་སྙོམས་ཤིང་བཅུད་ཟས་ཀྱིས་ལུས་ཟུངས་གསོ། ཐ་མར་ནད་རྗེས་གཅོད།

བཅོས་ཐབས།

ཟས། ཙོང་སྒོག་དང་ཙི་ཏྲ་ཀ་སོགས་ཚ་རྣོ་དང་སྐྱུར་བའི་ཟས་སྐོམ་སྤངས་ཏེ་འཇུ་སླ་བ་དང་གསར་འཇམ་རིགས་བསྟེན།

སྤྱོད་ལམ།  དྲོད་སར་དལ་བུར་སྡོད་པ།

སྨན། ཕོ་མོ་གཉིས་ཀར་ནད་གཞི་གང་ཡོད་སྨན་བཅོས་བྱས་པའི་ཐོག་སྐྱེས་པར་ད་བྱིད་སྐྱིན་གོར་དང་། ད་བྱིད་དགུ་བ། ད་བྱིད་བཅུ་གསུམ་གང་རུང་དང་། དབང་ལག་བཅུ་བ། གོ་ཡུ་ཉེར་བརྒྱད། སྟོབས་བསྐྱེད་རིལ་བུ་སོགས་མཁལ་མའི་དྲོད་གསོ་བའི་སྨན་སྦྱོར་གཏོང་དགོས་པ་དང་། བུད་མེད་ལ་ཟླ་མཚན་འབབ་པའི་དུས་ནས་ཞི་བྱེད་བཅུ་གཅིག་ཐུན་བདུན་ནས་ཐུན་བཅུ་བར་བཏང་སྟེ་ནད་རོ་དེད་རྗེས་འོལ་སེ་ཉེར་ལྔ། ཞི་ཁྱུང་། འཇམ་དྲུག་ཁ་ཚར་ཅན། དབང་ལག་བཅུ་བ། གསོ་བྱེད། བརྒྱད་ལྔ་སོགས་བཏང་ནས་ནད་སྐྱོན་སེལ་རྗེས་གཞི་ནས་བཟང་པོ་ལྔའི་སྨན་མར་འོ་མའི་རྟ་བྱས་ཏེ་ཞོགས་པ་ལྟོ་སྟོང་གི་དུས་སུ་གཟའ་འཁོར་གསུམ་ནས་ལྔའི་བར་གཏོང་བ་སོགས་གང་ལ་དེ་འཚམ་གྱིས་ནད་རྟགས་དང་བསྟུན་ནས་གཏོང་རྒྱུ།

དཔྱད། ཨན་སྟོང་ཚིགས་པ་བཅུ་གསུམ་དང་བཅུ་བཞི་པར་མེ་བཙའ་གདབ་པའམ། བྱིན་གཞུག་གམ་ལོང་རྩ་གང་རུང་གཏར།

ཕན་འབྲས་ཚད་གཞི།

སངས་དྲག

གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ།

གོང་གསལ་གྱི་སྐྱེས་པའི་ཐད་ཕོ་མཚན་མི་ལྡང་བ།ཁུ་བ་ཟད་པ།བསམ་བསེའུ་དང་སྒོང་རིལ་སྒོང་ཟུར་རིགས་སྐྲངས་པ་དང་ན་ཟུག་གཏོང་བ།བུད་མེད་ཐད་ཟླ་མཚན་གྱི་མདོག་མི་ལེགས་པ་དང་མི་སྙོམས་པའི་རྟགས་ཕལ་ཆེར་མེད་པར་གྱུར་པ། རྩ་རྒྱུད་ཕྲ་ལ་ཆག་རྩ་གྲིམས་པར་འཕར་བ།ཆུ་མདོག་སེར་ལ་ངོ་བོ་དྭངས་པ་བཅས་ཀྱི་ནད་རྟགས་ཕལ་ཆེར་ཞི་ནས་མངོན་གསལ་དུ་ཇེ་དགར་ཕྱིན་པ་ཡིན།

སྐྱེད་ཆུང་བ།

ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ།

ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X