//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > རུས་འཛེར། > ནང་དོན།

རུས་འཛེར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 10:36:05 ཀློག་གྲངས། 21 

རུས་གྱི་ནད་ནི་མཇིང་ཚིགས་དང་སྒལ་ཚིགས། ཝ་གདོང་རུས་པ་དང་དཔྱི་རུས་འབྲེལ་མཚམས། པུས་ཚིགས་བཅས་ལ་བྱུང་བ་མང་། མདོར་ན་ཚིགས་མིག་ཆེ་ཆུང་ཕལ་ཆེ་བར་འབྱུང་སྲིད། དེ་ཡང་རུས་འཛེར་ནད་ནི་གཙོ་བོ་བད་ཀན་འབྱོར་བྱེད་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་རྣམ་པར་མ་གྱུར་པའི་བད་ཀན་འབྱོར་བྱེད་དེ་ཚིགས་མིག་ཀུན་ལ་གནས་ཤིང་། དེས་རྐང་ལག་སོགས་ཚིགས་མིག་ཐམས་ཅད་ཀྱི་བརྐྱང་བསྐུམ་དང་གཡོ་འགུལ་ལ་འགན་ཁུར་ཡོད་ཅིང་། བད་ཀན་འབྱོར་བྱེད་དེ་ཉིད་འཕེལ་དྲགས་པ་དང་ཡང་ན་ཟད་དྲགས་པ། ཡང་ན་འཁྲུགས་པ་བཅས་ཀྱིས་ནད་འདི་འབྱུང་གིན་ཡོད།

རྒྱུ་རྐྱེན།

དེ་ཡང་ཟས་ཀྱི་ངོ་བོ་གྲང་བ་དང་འཇུ་དཀའ་བ། ལྕི་བ་དང་སྣུམ་པའི་ཟས་སྐོམ་གྱི་རིགས་བསྟེན་དྲགས་པ། ཡང་ན་བསྟེན་པ་ཉུང་ཡང་གསོ་བྱའི་ཕོ་བའི་མེ་དྲོད་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་དྭངས་མ་རང་གནས་སུ་མ་སྨིན་པར་བད་ཀན་འབྱོར་བྱེད་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་ཚིགས་མིག་གི་རྒྱུན་ལྡན་ཁྲག་རླུང་གི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཏེ་ཚིགས་བར་ཕྲུམ་རུས་ཀྱི་གནས་སུ་ནད་འགྱུར་བྱུང་བ། རུས་པ་སྦོས་ཤིང་སོབ་ནས་ཕྲུམ་རུས་སྙི་མོའམ་རུས་འཛེར་ལྟ་བུ་སྐྱེས་འོང་ངོ་།། རྐང་ལག་གི་ཚིགས་མིག་ཐམས་ཅད་ཀྱི་ལས་ནི་འགུལ་སྐྱོད་ཡིན་ལ། ཚིགས་མིག་སོ་སོའི་འགུལ་སྐྱོད་ཀྱི་ཚད་ཀྱང་མི་འདྲ། ལྷག་པར་ཚིགས་ཆེན་བཅུ་གཉིས་ཀྱི་འགུལ་སྐྱོད་ཀྱི་ཚད་ཅུང་ཆེ་ཞིང་། ཚིགས་མིག་གཞན་དག་གི་འགུལ་སྐྱོད་ལྟོས་བཅས་ཀྱིས་ཆུང་། ཚིགས་མིག་སོ་སོར་རུས་འཛེར་འབྱུང་བའི་རྒྱུ་རྐྱེན་ཡང་གཙོ་བོ་ཚིགས་མིག་སོ་སོའི་འགུལ་སྐྱོད་ལ་དམན་ལྷག་ལོག་པ་དང་ཟས་སྤྱོད་ཀྱི་རྐྱེན་ལས་བྱུང་གིན་ཡོད།

ནད་རྟགས།

ལུས་རྟགས།

མགོ་ཕྱེད་ན་བ། རྣ་བ་འུར་བ། མགོ་ཡུ་འཁོར་བ། སྐྱུགས་པ། མཇིང་རྒྱུད་རྒྱུན་དུ་ན་བ། རོ་སྟོད་དང་སོག་པ་གཡས་གཡོན་གྱི་རྒྱུད་དུ་ན་བ་དང་སྦྲིད་པ། མེས་བསྲེགས་པ་ལྟར་ཚ་བ། རྔུལ་མང་བ། ལག་པའི་སོར་མོ་སྦྲིད་པ་དང་གྲང་བའམ་འཁྱགས་སྣང་ཡོད་པ་བཅས་ཀྱི་རྟགས་ཡོད།

སྒལ་ཚིགས་རུས་འཛེར་གྱི་ནད་རྟགས།

སྒལ་ཚིགས་ལ་རུས་འཛེར་ཡོད་པའི་གནས་ཀྱི་མཐའ་འཁོར་དུ་ན་བ་དང་གནོན་ཟུག་ཡོད་པ། ལྷག་པར་ལངས་དྲགས་ན་ན་བ། བརླའི་ཕྱི་སུལ་དུ་ཐུར་ལ་རྒྱུ་བའི་ཆུ་རྩ་སྦུ་གུ་ཅན་གྱི་གྱེས་རྩ་དང་འབྲེལ་རྩ་རུས་འཛེར་གྱིས་བཙུར་བའི་དབང་གིས་ལུས་སྨད་སྦྲིད་པ་དང་ཚོར་བ་ཉམས་པ། གྲང་བའམ་འཁྱགས་པས་གྲོག་མ་འགྲོ་བའམ་མེས་བསྲེགས་པ་ལྟ་བུའི་མངོན་རྟགས་ཡོད་པ། ལུས་སྨད་ལ་ཤེད་མེད་པ། ལ་ལར་ཤ་བྲི་བ། འགྲེང་བ་དང་འགྲོ་མི་ནུས་པ། ཚབས་ཆེ་ན་རྩ་ཆུ་རང་དབང་མེད་པར་འཆོར་བ་བཅས་ཀྱི་ནད་རྟགས་ཡོད།

དཔྱི་ཚིགས་རུས་འཛེར་གྱི་ནད་རྟགས།

དཔྱི་སྨད་དུ་མི་མངོན་པའི་ཚུལ་གྱིས་ན་སྟེ། སྣེ་ས་ཁུལ་དང་བརླ་ནང་རྒྱུན་དུ་ན་བ། ན་ཟུག་པུས་ཚིགས་མཚམས་སུ་ཁྱབ་པ། སྤྱིར་བཏང་ཞོགས་པ་མ་འགུལ་བའི་དུས་སུ་རྟགས་དེ་དག་མངའ་བ་དང་། ཚབས་ཆེ་དུས་འགྲོ་བ་དང་སྐས་ལས་མར་འབབ་སྐབས་ན་བ། དགྱེ་སྒུར་དཀའ་བ་དང་ཙོག་ན་ལངས་དཀའ་བའི་རྟགས་དང་ལྡན། སྤྱི་ཁྱབ་ཏུ་དཔྱི་ཚིགས་ན་མཁན་མོ་ལས་ཕོ་མང་ལ་དཔྱི་གཡས་གཡོན་ལས་དཔྱི་ཕྱོགས་གཅིག་ན་མཁན་མང་བ་བཅས་སོ།།

པུས་ཚིགས་རུས་འཛེར་གྱི་ནད་རྟགས།

པུས་ཚིགས་ན་བའམ་འཕང་ལོ་དང་པུས་ཚིགས་ནང་ངོས་སུ་ན་བ། འགུལ་དུས་ན་ཟུག་ཇེ་སྡུག་དང་། ལྷག་པར་སྐས་རིམ་འབབ་འཛེག་བྱེད་དུས་ན་ལ་གནོན་ཟུག་ཡོད་པ། པུས་ཚིགས་སུ་སྒྲ་གྲགས་པ། ལྷག་པར་སྐས་རིམ་འབབ་འཛེག་བྱེད་དུས་ན་ལ་གནོན་ཟུག་ཡོད་པ། པུས་ཚིགས་སུ་སྒྲ་གྲགས་པ། ཕྱི་རྐྱེན་འགྲམས་པ་དང་འགྱེལ་བ་སོགས་ལས་བྱུང་ན་སྐྲངས་སྦོས་ཆགས་ཤིང་ན་ཟུག་དྲག་ཏུ་ལངས་ལ། ཚིགས་མཚམས་ཇེ་དོག་དང་པུས་ཚིགས་ཀྱི་འགུལ་སྐྱོད་ནུས་པ་ཇེ་ཞན། རྐང་ཐང་དང་ལངས་ནས་བསྡད་དྲགས་ན་ན་བ་སོགས་ཀྱི་ནད་རྟགས་ཡོད།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X