//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > ཚིགས་ནད། > ཚ་གྲུམ། > ནང་དོན།

ཚ་གྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 9:57:08 ཀློག་གྲངས། 52 

ཚ་གྲུམ་ནི་ཡུལ་རླན་གཤེར་ཆེ་བའི་གནས་སུ་ཡུན་བསྡད་པ་དང་། ཁ་ཟས་སུ་སྣུམ་བཅུད་ཆེ་བའི་རིགས་བསྟེན་དྲགས་པ་སོགས་ཀྱི་དབང་གིས་དྭངས་མ་རང་གནས་སུ་སྨིན་མ་ཐུབ་པར་ཆུ་སེར་འཕེལ་ནས་ཤ་རུས་རྩ་རྒྱུས་ལ་ཁྱབ་པ་ལས་བྱུང་བའམ། ཡང་ན་ཐོག་མར་ཆམ་པ་དང་རིམས་ཚད་རིགས་མ་སྨིན་པའི་སྐབས་སུ་བསིལ་བཅོས་སྔ་བའམ་ཐལ་བའི་དབང་གིས་ཕོ་བའི་མེ་ཤི་རླུང་གིས་ཆུ་སེར་ལྷགཔར་གཡོས་ནས་ཤ་རུས་ཆུ་རྒྱུས་ལ་ཞེན་པ་ལས་བྱུང་ཞིང་། ནད་དེ་གཙོ་བོ་དཔུང་ཚིགས་གྲུ་ཚིགས་སོགས་ལ་འབྱུང་བ་ཤས་ཆེ།

རྒྱུ་རྐྱེན།

བཅུད་ཆེ་བའི་ཁ་ཟས་རྒྱུན་པར་བསྟེན་པས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཤ་རུས་རྩ་རྒྱུས་རྣམས་ལ་ཁྱབ་ནས་བསྐྱེད་པ་དང་། ཡང་ན་བརླན་ཞིང་སྣུམ་བག་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ཐོག་མར་ཆམ་པ་དང་རིམས་ཚད་སོགས་མ་སྨིན་པའི་སྐབས་སུ་བཅོས་སྔ་བ་དང་། ཟས་སྤྱོད་ལོག་པ། ལུས་ཁམས་འཁྱགས་པ། བརླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

ལུས་རྟགས།

ཐོག་མར་ཚ་བ་རྒྱག་པ་དང་རིམ་བཞིན་དཔུང་ཚིགས་དང་། གྲུ་ཚིགས། པུས་ཚིགས་སོགས་ལྷུ་ཚིགས་ཆེ་གྲས་རྣམས་རེས་མོས་སམ་ཡང་ན་གཡས་གཡོན་ཆ་བསྒྲིགས་ནས་ན་ཟུག་གཏོང་བ་དང་། ནད་གཞི་ལྕི་རུ་འགྲོ་སྐབས་ཚ་བ་ཆེ་རུ་ཕྱིན་ནས་རུས་ཚིགས་རྣམས་སྐྲངས་ཤིང་དམར་སྨུག་ཆགས་པ་དང་། རུས་ཚིགས་སུ་ལྡང་དུབ་ཀྱིས་ཁོལ་བར་ན་ཟུག་རྒྱག་པ། ཤ་ལྤགས་བརྩེ་བ་དང་སྦྲིད་པ། ཁ་ཅིག་ལ་རུས་ཚིགས་མཐའ་འཁོར་གྱི་པགས་འོག་ཏུ་འབུར་ལྡོག་དོན་པའི་མངོན་ཚུལ་ཡོད་པར་མ་ཟད། ནད་གཞི་རྙིང་བའི་སྐབས་སུ་རྒྱུན་དུ་རུས་ཚིགས་དང་ཤ་གྲིམས་ལ་ན་ཟུག་གཏོང་བ་དང་། ལྷག་པར་སྟོན་དཔྱིད་དང་གནམ་གཤིས་འགྱུར་ལྡོག་བྱུང་བའམ་ལུས་ཁམས་འཁྱགས་པ་བཅས་ཀྱི་སྐབས་སུ། ནད་གཞི་ལྡང་ཡང་ན་ཟུག་དང་གཉན་ཁ་འཇགས་རྗེས་རུས་ཚིགས་སྔར་ལྟར་འགུལ་སྐྱོད་བྱེད་ཐུབ་ལ་རེངས་འཁུམས་ཆགས་པའམ་འཁྱོག་པ་སོགས་ཀྱི་གནས་ཚུལ་མེད།

རྩ་རྟགས། རྩ་རྒྱུད་དྲགས་རྒྱས་འདྲིལ་མགྱོགས་གྲིམས་མཁྲང་སོགས་ཚ་བའི་རྩ་ཡིན་པ།

ཆུ་རྟགས། ཆུ་མདོག་དམར་པོའམ་ཡང་ན་སེར་པོ། སེར་ནག་ཡང་ན་སེར་དམར། དམར་པོ། དམར་ནག་གམ་དམར་སེར་དུ་ངེས་པ། རླངས་པ་ཆེ་ལ་དྲི་དུགས་པ། མེ་ཏོག་ཆུང་ལ་སངས་སྐྱེན་པ། ཀུ་ཡ་མཐུག་པའམ་མང་བ། སྤྲིས་མ་ཞག་ལྟར་མངོན་པ།

ལྕེ་རྟགས།  ལྕེའི་དྲེག་པ་མཐུག་པོ་སྐྱ་སེར་རམ་སེར་པོར་ཆགས་པ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ། ཁྲག་པྲ་ལས་རླུང་རླན་འདྲ་བའི་རྐྱེན་ཆRFཉིད་ཀྱི་གདགས་གཤིས་མངོན་པ།

འཁྲུལ་སོ་བསལ་བ།

ཚ་གྲུམ་ལ་ཟུག་ཆེ་ཞིང་རྩ་ཆུ་ཚ་གྲང་གྲུམ་ལ་ན་ཟུག་ཆུང་ལ་རྩ་ཆུ་གྲང་བས་ངེས་ཟིན་སླ། སྐབས་རེར་དྲེག་ནས་ལས་རུས་ཚིགས་སོགས་ལ་དམར་སྐྲངས་ཆགས་ཏེ་བཟོད་དཀའ་བའི་ན་ཟུག་གཏོང་བས་འཁྲུལ་ཉེན་ཆེ་མོད། ཡིན་ཡང་དྲེག་ནད་ནི་ཐོག་མར་རྐང་བའི་མཐེ་བོང་དང་རྐང་མཐིལ་གྱི་རུས་ཚིགས་ལ་ནད་འགྱུར་འབྱུང་བས་མི་ནོར་རོ།།

གསོ་ཐབས།

གསོ་ཚུལ།

སྨིན་དུ་གཞུགས་པ། གཉེན་པོ་དངོས་བསྟེན་པ། ནད་གཞུག་གནོན་པ།

བཅོས་ཐབས།

ཟས། ཚྭ་སྐྱུར་སྣུམ་རྙིང་རིགས་ལ་འཛེམ་པ་དང་གསར་བཅུད་འཇུ་སླ་བའི་རིགས་བསྟེན་དགོས།

སྤྱོད་ལམ། དྲག་ལས་དང་བསེར་བུ་ཕོག་པ། ཆུ་གྲང་དུ་ཞུགས་པ་སོགས་ལ་འཛེམས་ནས་དྲོད་སར་མི་རྔུལ་ཙམ་རན་པར་བྱ་དགོས།

སྨན། མ་ནུ་བཞི་ཐང་དང་། ནོར་བུ་བདུན་ཐང་། སླེ་ཏྲེས་ལྔ་ཐང་། སེང་ལྡེང་ཉེར་གསུམ། སྤོས་ཁྱུང་བཅོ་ལྔ། མགྲིན་མཚལ་ཉེར་ལྔ། དངུལ་ཆུ་བཅོ་བརྒྱད། ཁྱུང་ལྔ། ཀླུ་བདུད་བཅོ་བརྒྱད། གྲུམ་བུ་ཟུག་གཅོག་ཆེན་མོ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་བེད་སྤྱོད་བྱས་ཆོག་པ་སྟེ། ཐོག་མར་རུས་ཚིགས་དམར་སྐྲངས་ཆགས་ནས་ན་ཟུག་ཆེན་པོ་གཏོང་བ་དང་ཚ་བ་རྒྱག་པའི་སྐབས་སུ་དངུལ་ཆུ་བཅོ་བརྒྱད་དང་། སླེ་ཏྲེས་ལྔ་ཐང་། ཀླུ་བདུད་བཅོ་བརྒྱད་སོགས་བཏང་ནས་གཉན་ཁ་གཅོག་ཐབས་བྱེད་དགོས་པ་དང་། དེ་རྗེས་སེང་ལྡེང་ཉེར་གསུམ་དང་། མགྲིན་མཚལ་ཉེར་ལྔ། སྤོས་ཁྱུང་བཅོ་ལྔ་སོགས་རྒྱུན་མཐུད་དེ་བཏང་ནས་ཆུ་སེར་སྐེམ་ཐབས་བྱ་དགོས།

དཔྱད། ༼ཀ༽ ལུམས། བདུད་རྩི་ལྔའི་སྟེང་ནད་གཞིའི་གནས་ཚུལ་ལ་གཞིགས་ནས་ཆུ་སེར་སྨན་གསུམ་ཙན་དན་སྤང་སྤོས་སེང་ལྡེང་མེ་སྣ་སོགས་ཁ་ཚར་གང་འོས་སྦྱར་ནས་གསོ་བཅོས་བྱེད་པ། ༼ཁ༽ རྭ་འཇིབ། རུས་ཚིགས་སྐྲངས་ཤིང་སྦོས་པ་ལ་མདོག་དམར་བ་དང་། ན་ཟུག་ཞི་དཀའ་ན་རྭ་འཇིབ་བརྒྱབ་ནས་ཆུ་སེར་ཁྲག་ངན་ཕྱིར་དབྱུང་མིན་གཞིག་པར་བྱ། ༼ག༽ མེ་བཙའ། ཚ་བ་དང་གཉན་ཁ་བཅག་པའི་མཇུག་ཏུ་ཚིགས་དམིགས་ལ་གང་འཚམས་གྱིས་མེ་བཙའ་འཇོག་པ།

ཕན་འབྲས་ཚད་གཞི།

སངས་དྲག གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

སྐྱེད་ཆེ་བ། རུས་ཚིགས་ཆེ་ཆུང་ཀུན་ན་ལ་འགུལ་ཚེ་སྐད་ངན་འཆོར་བ། རྐེད་ཚིགས་དང་དཔྱི་མིག་ལ་ན་ཟུག་ལྡང་བ། ཆུ་རྒྱུས་གྱོང་བ། ལྷག་པར་དུ་སོར་ཚིགས་དང་མཁྲིག་ཚིགས་གྲུ་ཚིགས་དཔུང་ཚིགས་པུས་ཚིགས་སོགས་སྐྲངས་ཤིང་གནོན་ཟུག་ཡོད་པ། ཤེད་ཆུང་བ། གྲང་ཤུམ་རྒྱག་པ། ཤ་པགས་ཡུན་རིང་ལ་བརྩེ་བ། གདོང་སྣུམ་པ། མགོ་ན་བ། སྒྱིད་པ་སྦྲིད་པ། ཤ་འབྲོས་པ། རྔུལ་ཁ་སྙི་བ། ཤ་རུས་འཁོལ་བ་ལྟར་ན་བ་སོགས་ཀྱི་ན་ལུགས་ཕལ་ཆེར་ཞི་བ།

སྐྱེད་ཆུང་བ། ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

སྐྱེད་མེད་པ། ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X