མཛེར་བ་ནི་དབྱིབས་གཟེར་བུ་བཏབ་པ་དང་འདྲ་བར་ལུས་ཀྱི་པགས་སྟེང་དུ་སྐྱེ་བ། རྩ་བ་བརྟན་པ། ངོ་བོ་ཤ་རྒྱུས་ཅན་གྱི་ཐོར་བ་མཁྲེགས་པོ་ཞིག་གི་མིང་སྟེ་དབྱིབས་འདྲ་བའི་སྒོ་ནས་བཏགས་པ། རྐང་ལག་དང་ངོ་གདོང་ལ་སྐྱེ་ཆེ་བའི་འབུར་ཆེ་ཆུང་སྣ་ཚོགས་འབྱུང་བ་ལ་ཟེར།
རྒྱུ་རྐྱེན།
རྒྱུ་རྐྱེན་དང་ངོ་བོ་ནི་པགས་ནད་སྤྱི་དང་འདྲ།
ནད་རྟགས།
ལུས་རྟགས།
ནད་འདི་ནི་ན་ཟུག་མེད་པར་ལུས་ཀྱི་གནས་ངེས་མེད་དུ་ཐོར་བ་སྲ་མཁྲེགས་ཅན་བུད་པ། གནོན་པའམ་བཙིར་ན་ན་ཟུག་ཆེ་བ། ཐོར་བའི་ཆེ་ཆུང་མི་འདྲ་བར་འབྲུ་ཙམ་དང་སྲན་མ་ཙམ་སོགས་ཡོད། ཐོག་མར་བྱུང་དུས་མཛེར་མགོ་རྒྱུན་ལྡན་གྱི་པགས་པའི་མདོག་དང་འདྲ་ལ་ཡུན་ལོན་ན་རྩུབ་པོར་ཆགས་ཏེ་སེར་ག་གས། ལྷག་པར་དུ་ལག་པའི་རྒྱབ་དང་ལག་སོར། རྐང་མཐིལ་གྱི་ཟུར་མཐའ། མགོ་དང་ངོ་གདོང་སོགས་ལ་འབྱུང་སླ་བ་ཡིན།
དེ་ལ་ཡང་ནང་ཚན་མཛེར་དཀར་རམ་ལུག་མཛེར་དཀར་འཇམ་ཆུང་བ། མཛེར་ནག་གམ་ར་མཛེར་ལ་ཕོ་མོ་མ་ནིང་གསུམ་ཡོད་པ་ལས་ཕོ་ནི་གཡག་རུ་དང་འདྲ་བ། མོ་ནི་སྐྲ་ཤད་དང་འདྲ་བ། མ་ནིང་ནི་རྩ་བ་ཕྲ་ལ་ལ་ཕུག་འདྲ་བ། རྒྱ་མཛེར་ནི་རྐང་མཐིལ་སོགས་སུ་འོང་བ་ཤ་རུས་གཏིང་ནས་སྐྱེ་བ། མཚན་མའི་མཛེར་བ་བཅས་སོ།།
རྩ་རྟགས།
རྩ་ཞར་ཞིང་འདར་ལ་འཁྲིགས་པ།
ཆུ་རྟགས།
ཆུ་སྔོ་སེར་རླངས་པ་ཆུང་། ཀུ་ཡ་སྙོམས་ཁྱབ།
ལྕེ་རྟགས།
ལྕེ་སྐྱ་གླེག
གཞོགས་འདེགས་བརྟག་དཔྱད།
ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ།