//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ནད་གཞི་བརྟག་བཅོས། > པགས་ནད། > གླང་ཤུ། > ནང་དོན།

གླང་ཤུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-09 9:02:18 ཀློག་གྲངས། 40 

གླང་ཤུ་ནི་ལུས་ཀྱི་པགས་པ་གླང་གི་གཉའ་པའི་པགས་པ་སྲ་ལ་མཐུག་ཅིང་སྲ་མཁྲེགས་ལྡན་པ། རྩུབ་པོ་ཆགས་པ། གཡའ་བ། འབྲུམ་ཕྲན་དང་ཤུ་བ་དོན་པ། འཕྲུག་རྗེས་ཁྲག་དང་ཆུ་སེར་འཛག་པ། མདོག་ལ་སེར་པོ་དང་སྐྱ་བོ། དབྱིབས་སྒོར་མོ་སོགས་ངེས་མེད་དུ་ཡན་ལག་ལ་བྱུང་མང་བའི་ནད་ཀྱི་རྟགས་ལ་བལྟས་ནས་བཏགས་པའི་པགས་ནད་རིགས་ཤིག་གི་མིང་།

རྒྱུ་རྐྱེན།

ཟས་སྤྱོད་གདོན་ལ་སོགས་པས་འདུ་བ་འཁྲུགས་ཏེ་ཆུ་སེར་ལྤགས་ལ་གྲམས་ཏེ་སྲིན་འཁྲུགས་པས་བསྐྱེད།

ནད་རྟགས།

ལུས་རྟགས།

གླང་གི་གཉའ་བའི་པགས་པ་ལྟར་སྲ་ལ་མཐུག་ཅིང་སྲ་མཁྲེགས་ལྡན་པ། རྩུབ་པོ་ཆགས་པ། གཡའ་བ། འབྲུམ་ཕྲན་དང་ཤུ་བ་དོན་པ། གས་པ། འཕྲུག་རྗེས་ཁྲག་དང་ཆུ་སེར་འཛག་པ། མདོག་སེར་པོ་དང་སྐྱ་བོ། སྒོར་དབྱིབས་སོགས་ངེས་མེད་དུ་འབྱུང་བ།

ནད་འདི་མང་ཆེ་བ་མཇིང་པ་དང་ལྟག་པ་སོགས་ལ་ཕོག་ཅིང་། ཐོག་མར་པགས་པར་ཟ་འཕྲུག་ལངས་ནས་འབྲུམ་ཆུང་དོན་པ་དང་། རིམ་བཞིན་རྒྱ་ཆེར་སོང་སྟེ་ཡུལ་གཅིག་ཏུ་འབྲེལ་ནས་རྨ་སྐོགས་དཀར་པོ་གོན་པ། འཕྲུག་རྗེས་རྨ་སྐོགས་ལིང་ལིང་དུ་བུད་ནས་འོག་གི་པགས་མདོག་དམར་སྨུག་ཆགས་ཏེ་ཁྲག་ཙིམ་ཙིམ་དོན་པ། པགས་པ་གཞན་དང་མི་འདྲ་བ་ནི་མཐུག་ཅིང་རྩུབ་པོ་ཆགས་པ་དང་གས་པ། སྐབས་རེར་སེན་མོ་རྣམས་སོབ་པ། རྐོ་ཐིག་ལྷུང་བ ། ཚིགས་དམིགས་སུའང་ན་ཟུག་གཏོང་བ་སོགས་ཀྱི་མངོན་ཚུལ་ཡོད།

རྩ་རྟགས།  

རྩ་ཕྲ་ཞིང་མགྱོགས་ལ་སྟོང་བར་འདར་བ།

ཆུ་རྟགས།  

ཆུ་དམར་སེར། ཀུ་ཡ་སྲབ། དྲི་ཅུང་དུགས།

ལྕེ་རྟགས།  

ལྕེ་དམར་ལ་རྩུབ་པ། དྲེག་པ་སེར་ལ་སྲབ།

གཞོགས་འདེགས་བརྟག་དཔྱད།

ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། RFདང་Xགློག་འོད་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ།

འཁྲུལ་སོ་བསལ་བ།

ཟ་འཕྲུག་ལངས་ནས་འབྲུམ་ཆུང་དོན་ཞིང་གཡའ་བ། འབྲུམ་ཕྲན་དང་ཤུ་བ་འདོན་པ་སོགས་ཤུ་བ་དང་འདྲ་ཡང་། གླང་ཤུ་ནི་པགས་པར་གླང་གཉའ་དང་འདྲ་བའི་མཐུག་ཅིང་རྩུབ་པོ་ཆགས་པ་དང་། འཕྲུག་ན་རྨ་སྐོགས་དཀར་པོ་བུད་ནས་འོག་གི་པགས་མདོག་དམར་སྨུག་ཆགས་ཏེ་ཁྲག་དོན་པ། ཤུ་བ་ནི་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་པ་དང་རྣག་ཆུ་འཛག་པ། ཆུ་སེར་གྱི་རྒྱུད་དུ་རིམ་བཞིན་རྨ་མཆེད་སྐྱེན་པ་ལས་མི་ནོར་བར་ཤེས། ཡང་ཟ་རྐོང་སྐྱི་སྐོགས་དཀར་སེར་ཅན་ནི་བཟོད་གླགས་མེད་པའི་ཟ་འཕྲུག་ལངས་ཏེ་ཆུ་སེར་འཛག་པ་འདྲ་མོད། རྨ་པགས་ལས་དམའ་བའམ་རྐོང་བུ་ཆགས་པ་ལས་མི་ནོར་རོ།།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X